བློ་གྲོས་འོད་གསལ།《ཕར་ཕྱིན་ལོ་རིམ་གོང་མ》

དོན་གཉིས་མཐར་ཕྱིན་དུས་གསུམ་སངས་རྒྱས་དང་། །
ཚད་གསུམ་ཟུང་འབྲེལ་ལུང་རྟོགས་གཡུང་དྲུང་བོན། །
རིག་གྲོལ་རྟོགས་པའི་མཛོད་འཛིན་སེམས་དཔའི་ཚོགས། །
བསླུ་མེད་རིན་ཆེན་རྣམ་གསུམ་གཏན་གྱི་སྐྱབས། །

བརྒྱད་ཁྲི་བཞི་སྟོང་བོན་གྱི་སྒོ་མོ་མ་ལུས་འབྱེད་པའི་ལྡེ་མིག་སྟེ། །
འཕོ་ཆེན་ཉེར་ལྔའི་ཙི་ཏའི་ཟབ་གསང་གང་ཐུགས་འཛིན་མའི་ལྟོ་བར་འཁྱིལ། །
མངའ་དབང་འཕགས་པའི་ཚོགས་ཀྱིས་ཡང་ཡང་བསྔགས་པའི་མེ་ཏོག་ཁྱེད་ལ་འབུལ། །
ཡོངས་འཛིན་བྱེ་བའི་དབུས་ན་མངོན་འཕགས་སྨྲ་དབང་བསྟན་འཛིན་རྣམ་དག་རྒྱལ། །

མཁས་དགུའི་གསུང་གི་དགོངས་པ་མ་ལོན་ན། །
སོམ་ཉིའི་དྲྭ་བའི་རྒྱ་ལས་ཐར་མི་འགྱུར། །
རི་བོང་ཅལ་འདྲོགས་རྗེས་སུ་འབྲང་བ་ལས། །
ཚད་མ་གསུམ་གྱི་མིག་སྨན་བཙལ་ན་ལེགས། །

གསུང་རབ་ཚད་མ་ཏི་སེ་གངས་ཀྱི་བཅུད། །
གཟུར་གནས་མཁས་དགུའི་ལེགས་བཤད་མ་ཕམ་མཚོ། །
མཐའ་བྲལ་ལྷག་བསམ་འཕྲུལ་གྱིས་བསྲུབས་པ་ལས། །
མུན་སེལ་ཟླ་བ་གཞོན་ནུ་འདི་ན་ཚེས། །

དེ་ལ་འདིར་སྤྱིར་ཕྱི་ནང་གི་གྲུབ་མཐའ་ནི། ཁྱད་པར་སུམ་ལྡན་གྱི་བདག་ཡུལ་སྟེང་ནས་གྲུབ་ཅིང་འཇིག་རྟེན་དྲེགས་པའི་ལྷ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་པ་དང་ཤི་ཕན་ཆད་ནས་ཉིང་མཚམས་མི་སྦྱོར་ཞིང་ལས་འབྲས་མེད་པ་གང་རུང་དུ་འདོད་པའི་གང་ཟག་ལ་ཕྱི་པ་དང་། ནང་སེམས་རྒྱུད་ཀྱི་ཉོན་མོངས་སོགས་འདུལ་ཐབས་གཙོ་བོ་བྱེད་ཅིང་ལྟ་བ་བདག་མེད་པ་དང་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་པའི་གང་ཟག་ལ་ནང་པ་དང་། རང་རང་གིས་མི་བསླུ་བ་རུ་ཁས་བླངས་པའི་ལུང་རིགས་གང་རུང་ལ་བརྟེན་ནས་རྙེད་དོན་མཐར་ཐུག་གྲུབ་པར་དམ་བཅས་པའི་ཆ་དེ་ལ་གྲུབ་མཐའ་ཞེས་བྱ། ཕྱི་པ་དང་ནང་པའི་ཁྱད་པར་གང་གིས་འབྱེད་ཅེ་ན་སྐྱབས་གནས་དང་སྟོན་པ་ལྟ་བ་དང་སྤྱོད་པ་འབྲས་བུ་ལྔའི་སྒོ་ནས་ཁྱད་པར་འབྱེད་པ་ཡིན་ཏེ། བདག་ཅག་གི ༧ སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་ཞལ་ནས་གསུངས་པའི་བཀའ་ཚད་མ་དགེ་རྒྱས་ཚོགས་ཆེན་རྫོགས་པའི་འབུམ་ལས།  གཡུང་དྲུང་གི་བོན་འཕྲུལ་ངག་བདེན་པ་རྒྱ་ཆེ་ལ་གཏིང་ཟབ་པ་དགེ་རྒྱས་ཚོགས་ཆེན་རྫོགས་པའི་འབུམ་ལ་དབང་བསྒྱུར་བའི་གསུང་རབ་མུ་མེད་པའི་རྒྱ་མཚོ་དེ་ལ་འཇུག་པ་ལ་སྐྱབས་སུ་འགྲོ་བ་ལ་བསྟན་པ་ལ་གཟུད་དགོས་པས།  དང་པོ་སྐྱབས་གསུམ་རིན་པོ་ཆེ་ལ་གནས་པར་བྱེད་ཅེས་དང་།  སུམ་བརྒྱ་པ་ལས། སྐྱབས་གནས་སྟོན་པ་ལྟ་སྤྱོད་འབྲས་བུ་ཡིས།  ཕྱི་རོལ་ནང་པའི་ཁྱད་པར་འབྱེད་པར་བྱེད་ཅེས་དང་།  ལམ་རིམ་ལས།  ཕྱི་རོལ་ནང་པའི་ཁྱད་པར་སྐྱབས་འགྲོས་འབྱེད་ཅེས་དང་། དང་པོ་ནང་པའི་སྐྱབས་གནས་ལ་དཀོན་མཆོག་གསུམ་མམ་གཡུང་དྲུང་གནས་བཞིར་གྲངས་ངེས་ཏེ། སངས་རྒྱས་བོན་དང་གཤེན་རབ་གསུམ་ལ་དཀོན་མཆོག་གསུམ་དང་དེ་ཡི་སྟེང་དུ་བླ་མ་བསྣན་པས་སྐྱབས་གནས་གཡུང་དྲུང་གནས་བཞི་ཞེས་བརྗོད།  དེ་ཡང་ལོ་པན་ཤ་རི་དབུ་ཆེན་གྱིས་མཛད་པའི་གཏན་ཚིགས་ངེས་པའི་གལ་མདོ་ལས། གཡུང་དྲུང་གནས་བཞི་མོས་འདུན་སྐྱབས་ཡུལ་མཆོག །འཇིག་རྟེན་དབང་ཕྱུག་མོས་འདུན་སྐྱབས་ཡུལ་མིན་ཞེས་གསུངས་སོ། ། དང་པོ་སངས་རྒྱས་དཀོན་མཆོག་ལ་ངོ་བོ་དབྱེ་བ་མཚན་གཞི་སྒྲ་དོན་དང་བཞི། སྤངས་རྟོགས་མཐར་ཕྱིན་གྱི་སྐྱབས་གནས་མཐར་ཐུག་དེ་སངས་རྒྱས་དཀོན་མཆོག་གི་ངོ་བོ། གཉིས་པ་ལ་གསུམ་སྟེ། བོན་སྐུ་དང་ལོངས་སྐུ་སྤྲུལ་སྐུ་དང་གསུམ་མོ། །གསུམ་པ་མཚན་གཞི་ནི། སྐུ་ལྔ་ལྟ་བུ་ཡིན་ཏེ། བྱམས་མ་འབུམ་ལྔ་ལས། སྐུ་ལྔ་ཡེ་ཤེས་ལྔ་ཡི་མངའ་བདག་སངས་རྒྱས་ལ་སྐྱབས་སུ་མཆིའོ་ཞེས་སོ། །བཞི་པ་སྒྲ་དོན་ནི། སྤངས་པ་ཕུན་སུམ་ཚོགས་པས་ན་སང༷ས། རྟོགས་པ་ཕུན་སུམ་ཚོགས་པས་ན་རྒྱས༷། ཉིན་སྐར་ལྟ་བུ་འབྱུང་བ་དཀོན་པས་ན་དཀོན༷།  ཐར་པའི་ལམ་མཁན་མཆོག་ཏུ་གྱུར་པས་མཆོག༷་ཅེས་བྱའོ།  །བོན་དཀོན་མཆོག་ལ་བཞི་སྟེ།  ལུང་རྟོགས་གང་རུང་གིས་བསྡུས་པའི་རྣམ་དཀར་གྱི་ཡོན་ཏན་བོན་དཀོན་མཆོག་གི་ངོ་བོ། གཉིས་པ་ནི་ལུང་གི་བོན་དང་རྟོགས་པའི་བོན་གཉིས་སོ། །གསུམ་པ་ནི་ཁམས་ཆེན་སྟོང་ཕྲག་བརྒྱ་པ་ལྟ་བུ་ཡིན་ཏེ། དེ་ཉིད་ལས། ཚད་གསུམ་བདེན་པ་གཉིས་ཀྱི་རང་བཞིན་བོན་ལ་སྐྱབས་ཞེས་སོ། །ངེས་ཚིག་ནི་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་བགྲོད་པའི་རྩ་བའམ་ས་བོན་ལྟ་བུ་ཡིན་པས་ན་བོན༷། གཞའ་ཚོན་ལྟ་བུ་སྣང་ཞིང་སྲིད་པའི་རྒྱན་དུ་དཀོན་པས་ན་དཀོན༷། ལྐུགས་ཁ་གྲོལ་བ་བྱེད་པའི་ལྗགས་ཀྱི་མཆོག་ཡིན་པས་ན་མཆོག༷་ཅེས་བྱའོ། །སེམས་དཔའ་དཀོན་མཆོག་ལ་བཞི་སྟེ། འཁོར་བར་འཆིང་བྱེད་ཀྱི་ཉོན་མོངས་ལས་གྲོལ་བའི་འཕགས་པའི་གང་ཟག་དེ་སེམས་དཔའ་དཀོན་མཆོག་གི་ངོ་བོ་ཡིན། དབྱེ་ན་ཐེག་དམན་འཕགས་པ་དང་ཐེག་ཆེན་འཕགས་པ་གཉིས་སོ། །རྒྱུན་ཞུགས་ལ་སོགས་སེམས་དཔའ་ཉི་ཤུ་ཡོད་དེ། དེ་ཉིད་ལས། ས་གསུམ་སྤངས་རྟོགས་ལམ་གྱི་སྣ་འདྲེན་སེམས་དཔའ་ལ་སྐྱབས་ཞེས་གསུངས་སོ། །མཚན་བཞི་ནི་ཐེག་ཆེན་མཐོང་ལམ་རྣམ་གྲོལ་ལམ་ལ་གནས་པའི་འཕགས་པ་ལྟ་བུའོ། །སྒྲ་དོན་ནི། བདག་མེད་པའི་ལྟ་བ་དང་ཀུན་རྫོབ་དང་དོན་དམ་སེམས་བསྐྱེད་སོགས་ལ་སེམས་སྟོབས་སུ་གྱུར་བས་ན་སེམ༷ས་དཔ༷འ། མེ་ཏོག་ཨུད་བྷར་《ཨུཏྤལ》ལྟ་བུ་འབྱུང་བ་ཤིན་ཏུ་དཀོན་པས་ན་དཀོན། འགྲོ་ཀུན་ཐར་ལམ་འདྲེན་པའི་དད་དཔོན་མཆོག་ཏུ་གྱུར་པས་ན་མཆོག༷་ཅེས་བྱའོ།  བླ་མ་དཀོན་མཆོག་ལ་བཞི་སྟེ། དང་པོ། དངོས་བརྒྱུད་གང་རུང་གི་སྒོ་ནས་གདུལ་བྱ་ཐེག་པ་རང་ལུགས་ཀྱི་བྱང་ཆུབ་ལ་བཀྲིད་པར་བྱེད་པའི་བཀའ་དྲིན་ཅན་དེ་བླ་མ་དཀོན་མཆོག་གི་ངོ་བོ། གཉིས་པ་ནི། ཕྱི་རྒྱུད་དང་ནང་རྒྱུད་གསང་རྒྱུད་ཀྱི་བླ་མ་དང་གསུམ་མོ། །གསུམ་པ་ཐེག་ཆེན་སེམས་བསྐྱེད་འདོམས་པའི་བླ་མ་ལྟ་བུ་ཡིན་ཏེ། རྒྱུད་གསང་བ་གཏིང་ཟློག་ལས། དགེ་ལེགས་ཀུན་གྱི་རྩ་བ་བླ་མ་སྟེ། །མིག་སྙིང་སྲོག་དང་འདྲ་བ་གཅེས་པ་ལ། །ཞེས་དང་། མདོ་ལས། བླ་མས་མ་བསྟན་སངས་རྒྱས་ཞལ་གསུང་མེད། །བླ་མ་མ་བྱོན་སངས་རྒྱས་ཞལ་མཐོང་མེད།  །བླ་མས་མ་བཀྲོལ་བཀའ་ལུང་མན་ངག་མེད། །དེ་ཕྱིར་ཐམས་ཅད་བླ་མ་དག་ལ་བརྟེན། །ཞེས་གསུངས། སྒྲ་དོན་ནི་སྲིད་པ་འཁོར་བ་དང་ཞི་བ་མྱང་འདས་གཉིས་ཀྱི་བླ་རུ་གྱུར་པས་ན་བླ༷། འགྲོ་བ་ཀུན་ལ་རྒྱུན་གནས་ཐུགས་རྗེ་གནས་བཞིས་མ་ལྟར་བརྩེ་བས་ན་མ༷། ནོར་བུ་ལྟ་བུ་འཕྲོད་པ་དཀོན་པས་ན་དཀོན༷། མ་རིག་པའི་མུན་པ་སྟུག་པོ་སེལ་བར་བྱེད་པའི་སྒྲོན་མེ་མཆོག་ཏུ་གྱུར་པས་ན་མཆོག༷་ཅེས་བྱའོ། །དེ་ནི་ཕྱི་རོལ་པ་ལས་སྐྱབས་གནས་ཀྱི་སྒོ་ནས་ཁྱད་འདོན་པ་ཡིན་ཏེ། ཕྱི་པའི་སྐྱབས་གནས་ནི་འགྲོ་བ་གཞན་སྡུག་བསྔལ་ལས་སྐྱོབ་པའི་ནུས་པ་མེད་པ་མ་ཟད་རང་ཉིད་ཀྱང་འཁོར་བའི་འཇིགས་པ་དང་བཅས་པའི་ཕྱིར་རོ། །དེ་ལྟ་བུའི་དཀོན་མཆོག་གསུམ་མམ་གཡུང་དྲུང་གནས་བཞི་ལ་སྐྱབས་སུ་ཇི་ལྟ་བུ་འགྲོ་དགོས་ཤེ་ན། འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཡིན་པ་དང་དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་གསུམ་མམ་གཡུང་དྲུང་གནས་བཞི་ལས་གཞན་གང་ལའང་མེད་པས་དེ་ལ་སྐྱབས་སུ་སོང་ན་མི་བསླུ་བར་ངེས་པ་ཡིན་པས། མོས་གུས་གདུང་བའི་སྒོ་ནས་འཕྲལ་ཕུགས་ཀུན་ཏུ་སྙིང་ཐག་པ་ནས་འཇིག་པ་སེལ་བའི་ཐབས་ལ་འཇུག་པ་དེ་ཡིན་ནོ། ། རྒྱུད་ལས།  སྐྱབས་བློ་ངེས་པ་གསུམ་དང་ལྡན་པ་ཡིས།  །སྐྱབས་འོག་དམ་པར་རང་བཞིན་ཚུད་པར་བྱ། །ཞེས་དང་། ལེགས་བཤད་ལམ་རིམ་ལས། ཁས་དམན་པོ་ལ་དགྲ་བྱུང་ན། ། རྗེ་དཔོན་མྱུར་དུ་འཚོལ་བ་ལྟར། །འཁོར་བའི་འཇིགས་ལས་སྐྱོབ་འདོད་ན།  །རིན་ཆེན་གསུམ་ལ་སྐྱབས་ཚོལ་ཅིག་ཅེས་གསུངས། དེ་ལྟ་བུའི་སྐྱབས་གནས་ཁྱད་པར་ཅན་ལ་སྐྱབས་སུ་སོང་ན་འཇིག་རྟེན་དྲེགས་པའི་ལྷ་མཐར་ཐུག་གི་སྐྱབས་གནས་མི་འཛིན་པར་སེམས་ཅན་ལ་གནོད་འཚེ་སྤངས་ཤིང་མུ་སྟེགས་པ་དང་དེ་དང་རིགས་མཐུན་པའི་གང་ཟག་སངས་རྒྱས་ཀྱི་བསྟན་པ་དང་རྫོགས་པའི་སངས་རྒྱས་ལ་མི་དད་པ་དང་བླ་མ་དང་གཡུང་དྲུང་གི་བོན་རིན་པོ་ཆེ་ལ་གཤེ་སྐུར་འདེབས་པ། གསང་སྔགས་ཟབ་མོའི་བོན་ལ་སྨོད་པ་རྣམས་དང་མི་འགྲོགས་པའོ། །དེ་ནི་རང་ལུགས་ཀྱི་སྐྱབས་འགྲོའི་བསླབ་བྱ་གཙོ་བོ་ཡིན། ཕན་ཡོན་ནི་ནང་པ་སངས་རྒྱས་པའི་ཁྱུར་ཚུད་པ་དང་། སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་འགྱུར་པ་དང་། ཐར་པའི་ས་བོན་འདེབས་པ་དང་། ཕྱི་ནང་གསང་བའི་བར་ཆད་ཀྱིས་མི་ཚུགས་པ་དང་སྔོན་བསགས་ཀྱི་ལས་སྒྲིབ་རྣམས་སྲབ་ཅིང་ཟད་པ་དང་ཕྱིན་ཆད་མི་དགེ་བའི་ཚོགས་ལ་རིང་དུ་བྱེད་པ་དང་གནས་སྐབས་སུ་ངན་སོང་གི་འཇིགས་པ་ལས་སྐྱོབ་པ་དང་ལམ་གྱི་ཡོན་ཏན་ཐམས་ཅད་གོང་དུ་འཕེལ་ཞིང་མཐར་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་ལ་སོགས་ཡོན་ཏན་དཔག་ཏུ་མེད་པ་ཡོད་དོ། །དེ་ནི་སྐྱབས་འགྲོའི་སྒོ་ནས་མུ་སྟེགས་པ་ལས་ཁྱད་པར་འཕགས་པ་ཡིན་ཏེ། འགྲེལ་མེ་ལོང་དགུ་སྐོར་ལས།  སྟོན་པ་ལྷ་མཆོད་ལུགས་ཀྱི་སྒོ་ནས་ཁྱད་འདོན་པ། ཞེས་གསུངས་སོ།  །ཕྱི་རོལ་པས་དཀོན་མཆོག་གསུམ་ལ་བློ་མི་གཏོད་པར་འཇིག་རྟེན་དྲེགས་པའི་ལྷ་ལ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་བའོ།  །གཉིས་པ་སྟོན་པ་ནི་སྤྱིར་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་དང་རྩ་གཉིས་ལ་སོགས་ཡོད་པར་འདོད་ནའང་། སྐབས་འདིར་སྟོན་པ་རབ་དགུའི་ནང་ཚན་ཚེ་ལོ་བརྒྱ་བའི་ཁྱད་པར་དུ་བྱས་བའི་བསྐལ་ཆེན་གྱི་སྟོན་པ་རྣམ་འདྲེན་བརྒྱད་པ ༧ སངས་རྒྱས་སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་ལྟ་བུ་ལ་ཆ་མཚོན་ན། མཚན་དེ་སྐད་གསོལ་བའི་རྒྱུ་མཚན་ཡོད་དེ། མདོ་དྲི་མེད་ལས། སང༷ས་ནི་དུག་ལྔའི་སྐྱོན་རྣམས་སངས་པས་སངས། །རྒྱས་ནི་མཁྱེན་པའི་ཡེ་ཤེས་འོད་ཟེར་རྒྱས་པས་རྒྱས། །སྟོན༷་ནི་སྣང་སྲིད་ཡེ་སྲིད་ས་ལེར་སྟོན་པས་སྟོན༷། །པ༷་ནི་སྐྱེ་འགྲོ་སེམས་ཅན་བུ་ལྟར་གསོ་བས་པ༷། །གཤེན༷་ནི་བོན་ཉིད་དབྱིངས་ནས་སེམས་ཉིད་བདལ་བས་གཤེན༷། །ར༷བ་ནི་འགྲོ་བའི་དོན་ལ་སྤྲུལ་ནས་བྱོན་པས་ར༷བ། །མི་ནི་སྐུ་མདོག་ཕྱག་མཚན་མི་རུ་བསྟན་པས་མི། བོ་ནི་གཏོ་རྒྱུད་དཔྱད་རྒྱུད་བདུད་རྩི་བོ་བས་བོ། །ཀུན༷་ནི་འཁོར་འདས་མ་ལུས་ཀུན་ལ་དབང་བས་ཀུན༷། །ལ༷ས་ནི་ལྟ་བ་རྟོགས་པའི་ལ་ཆེན་ཟླ་བས་ལས༷། །རྣམ༷་ནི་རྣམ་པར་མི་རྟོག་དབྱིངས་ན་གནས་པས་རྣམ༷། །པར༷་ནི་ལེགས་པར་འབྱུང་བའི་ཡོན་ཏན་ལྡན་པས་པར༷། །རྒྱ༷ལ་ནི་ཕ་རོལ་བདུད་ལས་རྒྱལ་བས་རྒྱ༷ལ། །བ༷་ནི་བོན་ཉིད་བ་གའི་ཀློང་དུ་མཉམ་པས་བ༷། །དེའི་ཕྱིར་ན་སང༷ས་རྒྱ༷ས་སྟོན༷་པ༷་གཤེན༷་ར༷བ་མི་བོ་ཀུན༷་ལས༷་རྣམ༷་པར༷་རྒྱལ༷་བ༷་ཞེས་བྱ་བ་བཏགས་པའོ། །ཞེས་གསུངས་པ་ལྟར་རོ། །དེ་ཡང་གཤེན་རབ་མཆོག་གིས་གཞན་དོན་བརྩལ་མེད་ལྷུན་གྲུབ་ཏུ་མཛད་པ་སྟེ། རྣམ་དག་ལྔ་དང་ལྡན་པའི་སྒོ་ནས་འགྲོ་བའི་དོན་མཛད་པའོ། །མཆོག་གི་སྤྲུལ་སྐུས་གདུལ་བྱ་སྡུག་བསྔལ་ཀྱི་རྒྱ་མཚོར་ནུབ་པ་ལ་མངོན་པར་གཟིགས་ཏེ་དེ་རྣམས་ཀྱི་དོན་ལ་འོད་གསལ་ལྷ་ཡི་གནས་ནས་མར་རིམ་པར་བྱོན་ནས་ལྷ་རྣམས་འདྲེན་པའི་ལུང་ཕོག་མཐུ་ཆེན་རྣམས་དམ་ལ་བཏགས་ནས་བསྟན་པ་བསྲུང་བའི་དབང་བསྐུར། ཕོ་བྲང་ཛ་རན་དྷའི་རྩེ་ལ་གཟིགས་དགོངས་ལྔ་ཐུགས་ལ་བཀྲམ་པ་སྔོན་དུ་བཏང་སྟེ་འདབ་ཆགས་ཀྱི་རྒྱལ་པོ་གཡུ་བྱ་ཁུ་བྱུག་ཅེས་བྱ་བ་མཚན་དང་ལྡན་པ་གཅིག་ཏུ་སྤྲུལ་ཏེ་འགྲོ་འདྲེན་འོད་ཀྱི་མཆོད་རྟེན་གྱི་རྩེ་ལ་བབས་ཏེ་གསུང་ལྷང་ལྷང་ཐང་གསུམ་བསྒྲགས་པས། འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོ་འགུལ་དང་འགྲོ་ཀུན་སྡུག་བསྔལ་བྲལ་བ་སོགས་མཚན་མ་བཟང་པོ་ཤར་རོ། །དེ་ནས་དམུ་རིགས་གཤེན་ལྷའི་གདུང་རྒྱུད་འཛིན་པའི་རྒྱལ་བོན་ཐོད་དཀར་དང་ཡུམ་ཆེན་མོ་ས་ཏྲིག་ཨེར་སངས་ཀྱི་སྤྲུལ་པ་ཡོ་ཕྱི་རྒྱལ་བཞད་མ་གཉིས་ཀྱི་སྲས་སུ་འཁྲུངས་ནས་མཛད་ཆེན་བཅུ་གཉིས་ཀྱི་སྒོ་ནས་གདུལ་བྱ་གང་ལ་གང་འདུལ་གྱི་སྤྱོད་པ་སྣ་ཚོགས་སུ་བསྟན་པ་ནི་བདེ་བར་གཤེགས་པའི་སྤྱོད་པ་རྣམ་དག་ཡིན་ནོ། །དྲི་མེད་ལས། སེམས་ཅན་ཐར་བར་བཀོད་པ་ལ། །འགྲོ་བ་རང་མཐུན་ཆ་ལུགས་སྤྲུལ། །ཡབ་ཀྱི་སྟ་དང་ཡུམ་གྱི་ལྷུམས། །རྒྱལ་རིགས་དྲ་མའི་གདུང་དུ་བཞུགས། །གཞོན་ནུ་རོལ་རྩེད་མཛད་ཚུལ་དང་། བསྟན་པ་ཕྱོགས་བཅུར་སྤེལ་ཚུལ་དང་། །ཁབ་ཀྱི་དཔལ་འབར་བཞེས་ཚུལ་དང་། །ཁྱིམ་སྤངས་རབ་ཏུ་བྱུང་ཚུལ་དང་། །འཁོར་སྤངས་དགོན་པ་མཛད་ཚུལ་དང་། །མི་རྟག་མྱ་ངན་འདས་ཚུལ་དང་། །སྤྱིར་ཡང་འགྲོ་བའི་དོན་ཆེད་དུ། །ཚད་མེད་བཞི་ཡིས་ཡིད་དབྱུང་ཞིང་། །ཕ་རོལ་ཕྱིན་པ་བཅུ་ལྡན་ཏེ། །འཕྲིན་ལས་རྣམ་བཞིའི་རྒྱུན་ཞུགས་ནས། །གང་ལ་གང་འདུལ་དེར་མཐུན་གྱི། རྣམ་པ་ཐམས་ཅད་མཁྱེན་པར་མཛད། །འགྲོ་དོན་དཔག་མེད་གྲུབ་པར་སྤྱོད། ཅེས་གསུངས། མཛད་པ་དེ་ལྟར་བསྟན་ཙམ་ན་བོན་ཉིད་ཀྱི་སྐུ་ལས་མ་གཡོས་པའི་སྒོ་ནས་དྲི་མ་ཐམས་ཅད་ཀྱིས་དབེན་པ་རྣམ་དག་ཅེས་བྱའོ།  །མཆོག་གི་སྤྲུལ་སྐུ་རྟག་ཏུ་བོན་གྱི་སྐུ་ལས་མ་གཡོས་པར་མཉམ་པར་བཞག་བཞིན་པའི་ངང་ནས་འཁོར་བ་མ་སྟོངས་ཀྱི་བར་དུ། ཐུགས་རྗེ་རྒྱུན་མི་འགག་པར་འགྲོ་བའི་དོན་ཡིད་བཞིན་དུ་འགྲུབ་པར་བྱེད་པ་ནི་འཕྲིན༷་ལས༷་རྣམ༷་པར་དག༷་པའོ། །སྟོན་པ་སངས་རྒྱས་ཀྱིས་ཐུགས་རྗེ་ཚད་མེད་བཞིས་ཕྱོགས་རིས་མེད་པར་མཁའ་ཁྱབ་ཀྱི་འགྲོ་བ་ཀུན་ལ་རྟག་ཏུ་གཟིགས་པ་ནི་བས༷མ་པ་རྣམ༷་དག༷་གོ །གཤེན་རབ་ཀྱིས་དང་པོ་བདག་ཉིད་ཐར་པར་གྲུབ་པ་རྫོགས་པའི་རྟིང་ལ་ཁམས་གསུམ་གྱི་སེམས་ཅན་བདག་གིས་འདྲེན་ནུས་པར་གྱུར་ཅིག་ཅེས་པའི་སྨོན་ལམ་རྣམ་དག་ཡོངས་སུ་བཏབ་པའི་འབྲས་བུ་རང་ཉིད་སྤངས་རྟོགས་མཐར་ཕྱིན་དུ་གནས་ཏེ་འགྲོ་བ་ཀུན་གྱི་དོན་བྱེད་པ་ནི་གཞ༷ན་དོན༷་རྣམ༷་དག་གོ །གཤེན་རབ་མི་བོ་དེ་ཉིད་སྒྲིབ་གཉིས་ཀྱི་དྲི་མ་ཕྲ་ཞིང་ཕྲ་བ་ཐམས་ཅད་ལས་གྲོལ་བའི་ཕྱིར་ན་རང༷་དོན༷་རྣམ༷་དག༷་གོ །གཤེན་རབ་མཆོག་ཉིད་རང་བཞིན་གཟུར་གནས་ཀྱི་མཁས་གྲུབ་དུ་མས་སྟོན་པ་རྣམ་དག་ཏུ་འདོད་དེ་རྩིས་གཞུང་བཻཌཱུརྱ་དཀར་པོ་ལས། ཞང་ཞུང་བོན་གྱིས་འདུལ་དགོངས་ནས། །སྟོན་པ་གཤེན་རབ་མི་བོར་སྤྲུལ། །བོན་གྱི་ཐེག་པ་རིམ་དགུ་བསྟན། །འགྲོ་རྣམས་གཡུང་དྲུང་ལམ་ལ་བཀོད། །ཅེས་དང་། མི་ཕམ་འཇམ་དབྱངས་རྣམ་རྒྱལ་གྱིས། གཤེན་ཡུལ་འོལ་མོ་གླིང་ཆེན་དུ། །སྟོན་པ་གཤེན་རབ་མི་བོར་བསྟན། །བོན་གྱི་ཐེག་པ་རིམ་དགུ་གསུངས། །སྐྱེ་འགྲོ་སེམས་ཅན་བདེ་ལ་བཀོད། །བསྡུས་ན་སྒོ་བཞི་མཛོད་ལྔར་འདུས། ཞེས་སོགས་རྒྱ་ཆེར་གསུངས་སོ།  །གསུམ་པ་ལྟ་བ་ནི། ཐེག་འགྲེལ་མེ་ལོང་དགུ་སྐོར་ལས། འདུས་བྱས་ཐམས་ཅད་ཀྱི་མདོ་མི་རྟག་པ། ཟག་པ་དང་བཅས་པ་ཐམས་ཅད་ཀྱི་མདོ་སྡུག་བསྔལ་བ། མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་མདོ་ཞི་བ། བོན་ཐམས་ཅད་ཀྱི་མདོ་བདག་མེད་པ། ཞེས་གསུངས་པས་བོན་གྱི་མདོ་བཞིའམ་བོན་རྟགས་ཕྱག་རྒྱ་བཞི་བསྟན་པའི་སྐབས་ཀྱི་བདག་མེད་པའི་ལྟ་བ་ཡང་དག་པ་དེའོ།  །དེ་ལ་ཡང་ལྷ་མི་གཞན་བརྟེན་པས་སྐྱབས་འགྲོས་རྩིས་ཟིན་པའི་སྒོ་ནས་གང་ཟག་རྟག་གཅིག་རང་དབང་ཅན་གྱི་བདག་གིས་སྟོང་པ་ཙམ་ཁས་ལེན་པའོ། །རྣམ་རྩོད་པས་ཁྱད་པར་སུམ་ལྡན་གྱི་བདག་གིས་སྟོང་པ་བདག་མེད་རགས་པ་དང་གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་བ་གང་ཟག་གི་བདག་མེད་ཕྲ་མོར་འདོད། རང་རྟོགས་པས་གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་བ་བདག་མེད་རགས་པ་དང་གཟུང་བ་བོན་གྱི་བདག་མེད་བདག་མེད་ཕྲ་མོར་འདོད། ཐུགས་རྗེ་སེམས་དཔས་གང་ཟག་གི་བདག་མེད་བདག་མེད་རགས་པ་དང་གཟུང་འཛིན་རྫས་ཐ་དད་ཀྱིས་སྟོང་པའི་དེ་བཞིན་ཉིད་བདག་མེད་ཕྲ་མོར་འདོད།  གཡུང་དྲུང་སེམས་དཔས་གང་ཟག་གི་བདག་མེད་དེ་བདག་མེད་རགས་པ་དང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་དེ་ཁོ་ན་ཉིད་བདག་མེད་ཕྲ་མོར་འདོད། གསང་སྔགས་རྒྱུད་བཞི་ལས་ཡེ་གཤེན་ཆེན་པོའི་དབང་དུ་བྱས་ན་བསྐྱེད་རྫོགས་དང་འབྲེལ་བའི་མཐའ་བཞི་རྒྱ་གྲོལ་གྱི་གནས་ལུགས་དེ་ལྟ་བ་ཡང་དག་ཏུ་འདོད། རྫོགས་ཆེན་མན་ངག་སྡེའི་དབང་དུ་བྱས་ན། རིག་པ་རྐྱང་དེད་ཀྱི་ལམ་ནས་བློས་བྱས་ཀྱི་རྩོལ་བ་ལ་མ་ལྟོས་པའི་རང་བྱུང་གི་ཡེ་ཤེས་དེ་ལྟ་བ་མཐར་ཐུག་ཏུ་འདོད་དོ། །དེ་ལྟ་བུའི་ཐེག་པ་རིམ་དགུ་ལ་ལྟ་བའི་བྱེ་བྲག་མང་དུ་ཡོད་ཀྱང་སྤྱི་ལྡོག་ནས་ལྟ་བ་ཡང་དག་ཡིན་མིན་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་དང་རྗེས་སུ་འབྲེལ་མ་འབྲེལ་གྱིས་ཁྱད་པར་ཕྱེ་དགོས་ལ།  ཕྱག་རྒྱ་བཞི་དང་མ་འབྲེལ་ན་རྟག་ཆད་ཀྱི་ལྟ་བ་ལྟ་ཅི་སྨོས།  བདག་འཛིན་གྱི་གཉེན་པོར་མ་སོང་བའི་མོས་སྒོམ་གྱི་སྟོང་ཉིད་དང་ཡིད་ལ་མི་བྱེད་པའི་ལྟ་བ་སོགས་ཡོད་ཀྱང་ཐར་པའི་ལམ་དུ་མི་འགྱུར་ཏེ། བདག་འཛིན་གྱི་གཉེན་པོར་བདག་མེད་རྟོགས་པའི་ཤེས་རབ་དང་། དངོས་འཛིན་གྱི་གཉེན་པོར་སྟོང་ཉིད་རྟོགས་པའི་ཤེས་རབ་མེད་ན་ཉོན་ཤེས་ཀྱི་སྒྲིབ་པ་དྲུངས་ནས་འབྱིན་མི་ནུས་པའི་ཕྱིར་རོ། །དེ་ནི་ལྟ་བའི་སྒོ་ནས་ཁྱད་པར་འཕགས་ཚུལ་ཡིན་ཏེ། དེ་ཉིད་ལས། རྟག་པ་ལས་ཁྱད་འདོན་པ་དང་། ཆད་པ་ལས་ཁྱད་འདོན་པ་སྟེ། དེ་ནི་ལྟ་བ་ལས་ཁྱད་འདོན་པའོ། །ཞེས་གསུངས་སོ། །མདོ་ཙམ་བསྟན་པ་ཡིན་གྱི་རྒྱས་པ་ནི་ཐེག་རིམ་དང་ཁྱད་པར་འབུམ་སྡེའི་རྩ་འགྲེལ་སོགས་ལས་རྟག་ཆད་ཀྱི་མཐའ་འགོག་བྱེད་ཀྱི་རིགས་པ་དང་བདག་མེད་གཉིས་དང་སྟོང་ཉིད་བཅོ་བརྒྱད་ལ་སོགས་ལྟ་རིམ་རྒྱས་པར་གསལ་ལོ། །བཞི་པ་སྤྱོད་པ་ནི། མདོ་ལས། ལྟ་བ་ཡས་ཕུབས་ཤིག སྤྱོད་པ་མས་འཛེགས་ཤིག གཞི་སྙིང་རྗེ་ཆེན་ལ་ལོངས་ཤིག ཐབས་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སྤྱོད་ཅིག དེ་བཞི་དང་ལྡན་པའི་གང་ཟག་རྣམས་ནི་གཤེན་རབ་ལགས་ཏེ། འཁོར་བའི་སྡུག་བསྔལ་ལས་གཏན་དུ་ཐར་བར་འགྱུར་རོ།  །ཞེས་གསུངས་པའི་གཞུང་འདིས་སྤྱོད་པ་ཡང་དག་བསྟན་པ་ལགས་ཏེ། ཐེག་པ་རང་རང་གི་ལུགས་ཀྱི་ལྟ་བ་རྟོགས་པའི་ཤེས་རབ་དང་ལས་འབྲས་ལ་ཡིད་ཆེས་ནས་བླང་དོར་ལ་འཇུག་པའི་ཉམས་ལེན། ཐབས་ཤེས་ཡ་མ་བྲལ་བའི་སྙིང་རྗེ་དང་སྦྱིན་སོགས་བོན་སྤྱོད་བཅུ་ལ་སྤྱོད་པའི་ཉམས་ལེན་སོགས་ལ་བྱའོ། ། སྤྱི་ལྡོག་ནས་སྤྱོད་པ་ཡང་དག་ཡིན་མིན་མཐའ་གཉིས་སེལ་མ་སེལ་གྱི་སྒོ་ནས་འཇོག་དགོས། མཐའ་གཉིས་མ་སེལ་ན་རྙེད་བཀུར་འདོད་ཡོན་ལ་ཅི་བདེར་སྤྱོད་པ་རྒྱང་འཕེན་པ་ལྟ་བུ་དང་དོན་བཟང་དང་མ་འབྲེལ་བར་ལུས་སེམས་ལ་གདུང་བ་སྐྱེད་པ་གཅེར་བུ་བ་ལྟ་བུ་གྱུར་ཚེ་ངལ་བའི་རྒྱུ་ལས་གཞན་མ་མཆིས་སོ། །སྤྱོད་པ་མཐའ་གཉིས་སུ་མ་ལྷུང་བའི་ཚུལ་ནི། ཟས་གོས་ཀྱི་ཚུལ་སོགས་བསོད་ནམས་ཀྱི་མཐའ་དང་ངལ་ཞིང་དུབ་བའི་མཐའ་གཉིས་སུ་མ་ལྷུང་བར་ལུས་འཚོ་ཞིང་ཉམས་ལེན་འཕེལ་བའི་ཐབས་ལ་བསླབ་ཚུལ་འདུལ་བ་སྡེ་དྲུག་ལས་གསུང་བ་བཞིན་དུ་བྱེད་ན་དེ་ལ་བརྟེན་ནས་འབྲས་བུ་མྱ་ངན་ལས་འདས་ནུས་པའོ། །ལྔ་པ་འབྲས་བུའི་ཁྱད་པར་ནི་སྤྱིར་ནང་པ་སངས་རྒྱས་པ་ཐམས་ཅད་ཀྱིས་དགེ་བཅུ་ཡོངས་སུ་སྤྱོད་ཅིང་མི་དགེ་བཅུ་རབ་ཏུ་སྤངས་པ་སོགས་ལ་བརྟེན་ནས་མཐར་ཐུག་འབྲས་བུ་རྣམ་མཁྱེན་ཐོབ་པར་འདོད་པ་སྤྱི་མཚུངས་ཡིན་ཀྱང་ཐེག་དམན་གྱིས་ལམ་ལྔ་ལས་ས་བཅུ་མི་འདོད་ཐེག་ཆེན་གྱིས་ས་བཅུ་དང་ལམ་ལྔ་ལ་བརྟེན་ནས་འཁོར་འདས་ཐམས་ཅད་རང་བཞིན་གཉིས་མེད་མཉམ་པ་ཆེན་པོར་རྟོགས་པའི་མཐར་ཐུག་པའི་ཡེ་ཤེས་སམ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐྱེ་བར་འདོད་པའོ། །སྐབས་འདིར་བསྟན་གྱི་འབྲས་བུ་ལ་དབྱེ་ན་སྐུ་གསུམ་ཡོད་དེ། དབྱིངས་ཤེས་དབྱེར་མེད་ཀྱིས་བསྡུས་པའི་ཐོབ་བྱ་མཐར་ཐུག་གི་ཆ་ནས་བོན་སྐུ་དང་། སྟོང་པའི་མཐར་མ་ལྷུང་བར་ངེས་པ་ལྔ་དང་ལྡན་པའི་གཡུང་དྲུང་སེམས་དཔའི་དག་སྣང་ལ་འཆར་བའི་རྫོགས་པའི་སྐུ་དང་། ཚོགས་གཉིས་ཀྱི་འབྲས་བུ་གདུལ་བྱ་ཐུན་མོང་ལ་མ་ངེས་ལྔ་ལྡན་དུ་སྣང་བའི་སྤྲུལ་སྐུ་དང་གསུམ་མོ།  །དེ་ཡང་རྗེ་རིན་པོ་ཆེའི་ས་ལམ་ལས། སེམས་དཔའི་མཉམ་བཞག་བོན་སྐུ་ལ། །རྗེས་ཐོབ་དག་ལ་རྫོགས་སྐུ་འཆར། །སོ་སྐྱེས་ལ་ནི་སྤྲུལ་སྐུའོ། འགྱུར་བ་མེད་པ་སྐུ་ཞེས་བརྗོད། །ཅེས་དང་། རྫོགས་ཆེན་ཡེ་ཁྲི་མཐའ་སེལ་ལས། མ་བཅོས་ཤེས་བྱའི་ངོ་བོ་དེ།  །རྟོག་པས་བསྒྲིབས་པས་དེ་མ་མཐོང་།  །དེ་ལ་གཞི་ཞེས་ཐ་སྙད་བཏགས།  །དེ་ཉིད་ཤེས་བྱ་མངོན་གྱུར་ལ།  །འབྲས་བུ་ཞེས་བྱ་ཐ་སྙད་བཏགས།  །དེ་ཕྱིར་ངོ་བོ་གཅིག་ལས་མེད། །ཅེས་གསུངས་པའི་ཕྱིར།  ས་ལམ་དང་འབྲས་བུའི་རྣམ་བཞག་རྒྱས་པ་མངོན་རྟོགས་ལམ་རིམ་སོགས་ལས་གསལ་བས་འདིར་རྒྱས་པར་མ་སྤྲོས་སོ། །དེ་ནི་འབྲས་བུའི་ཁྱད་པར་འཕགས་ཚུལ་ཡིན་ཏེ། ཐེག་འགྲེལ་ལས། ཐོབ་བྱ་འབྲས་བུའི་སྒོ་ནས་ཁྱད་འདོན་པ་དང་ཞེས་གསུངས་སོ། །སྒྲུབ་བྱེད་ནི། གཡུང་དྲུང་གི་བོན་རིན་པོ་ཆེ་ལ་ཚུལ་བཞིན་དུ་འཇུག་པའི་གང་ཟག་བོན་ཅན། ནང་པ་སངས་རྒྱས་པ་ཡིན་ཏེ། སྐྱབས་གནས་དང་ལྟ་སྤྱོད་འབྲས་བུ་ཡང་དག་སོགས་སྙིང་ཐག་པ་ནས་ཁས་ལེན་པའི་གྲུབ་མཐར་ཞུགས་པའི་གང་ཟག་ཡིན་པའི་ཕྱིར་རོ། །སྨྲས་པ། གང་ཞིག་ཁྱད་འཕགས་ཡན་ལག་ལྔ་ལྡན་འདི། །ནང་པ་སངས་རྒྱས་འཇོག་བྱེད་བླ་ན་མེད། །དེ་ཕྱིར་གངས་ཅན་བོད་ཀྱི་གྲུབ་མཐའ་རྣམས། །ཐེག་པ་གསུམ་དང་དགུ་རུ་འདོད་མི་འདོད། །ཁྱད་ཙམ་སྲིད་ཀྱང་དོན་དུ་དབྱེར་མེད་པ། །ལུང་རིགས་ཚད་མས་གྲུབ་ཕྱིར་ཨུ་ཚུགས་ཅི། །ཉི་མ་མེ་དང་ཆར་བ་ཆུ་གྲོགས་བཞིན། །མཐུན་སྒྲིལ་དམ་ཚིག་གཅིག་ཏུ་བསྲེས་གྱུར་ན། །བསྟན་པའི་མངའ་ཐང་ཡར་ངོའི་ཟླ་ལ་འགྲན། །འགྲོ་ཀུན་བདེ་སྐྱིད་རྩ་གསུམ་ལྷ་ལས་རྒྱལ། །འདི་ལ་ཉེས་པའི་དྲི་མ་ཀུན། །གཟུར་གནས་མཁས་པའི་དྲུང་དུ་བཤགས། །འདིར་འབད་ལེགས་པའི་ཆ་མཆིས་ན། །སྐྱེ་དགུ་བདེ་ལེགས་ལྡན་ཕྱིར་བསྔོ། །བློ་གྲོས་འོད་གསལ་གྱིས་བྲིས་པ་དགེའོ།། །།