ཁྱུང་པོ་གཡུང་དྲུང་མཐར་ཕྱིན། 《ཐེག་འགྲེལ་འཛིན་གྲྭ》

བརྟན་བརྗིད་མི་ནུབ་རྒྱལ་མཚན་སྐུ་ལ་དབུ་ཡི་གདུགས་ཏོག་མངོན་པར་མཛེས། །
དཔལ་དབྱེའི་ཐུགས་ཉིད་གསེར་ཉའི་ཕྱག་ཟུང་པད་མོའི་རོ་འཛིན་ལྷབ་ལྷུབ་གཡོ། །
ལྷང་ལྷང་གྲགས་པའི་ཨུན་ཆེན་གསུང་དབྱངས་བུམ་པའི་མགུལ་ནས་གྱེན་དུ་འདྲེན། །
ཞབས་ཟུང་འཁོར་ལོས་ས་བཅུ་གོང་ནོན་བླ་མེད་གཤེན་རྒྱལ་གཙོ་ལ་འདུད། །

ཅེས་སྟོན་པ་བླ་མེད་སངས་རྒྱས་ལ་མཆོད་བརྗོད་བཀྲ་ཤིས་རྟགས་བརྒྱད་ཀྱིས་སྣ་དྲངས་ཏེ་སྐབས་ཀྱི་གླེང་བར་བྱ་བ་ནི། གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས། སྤྱིར་འཇིག་རྟེན་གྱི་ཁམས་དང་། སྟོན་པའི་སྐུ་དང་། བསྟན་པའི་བོན་དང་། སེམས་ཅན་གྱི་ལས་དང་བཞི་ལས། ཐབས་དང་ཐུགས་རྗེ་ཟུང་དུ་སྦྲེལ་ནས། བསྟན་པ་རིན་པོ་ཆེའི་མདོ་གཞུང་འབྱུང་སྟེ། ཞེས་གསུངས་པ་བཞིན། ཕྱི་སྣོད་སྟོང་གསུམ་འཇིག་རྟེན་ཆགས་ཕྱིན་ཆད་ནང་བཅུད་ཀྱི་འགྲོ་བ་སྲིད། འགྲོ་བ་ཆགས་ཕྱིན་ཆད་འགྲོ་བ་འདྲེན་པའི་སྟོན་པ་འབྱོན་སྲིད། སྟོན་པ་སྲིད་ན་སྟོན་པ་དེའི་འཁོར་སྲིད། འཁོར་སྲིད་ན་འཁོར་གྱིས་བོན་ཉན་པ་སྲིད། བོན་ཉན་པ་སྲིད་ན་དེ་ལ་བརྟེན་ནས་ཉམས་ལེན་བྱེད་པ་སྲིད། ཉམས་ལེན་མཐར་ཕྱིན་པ་ལ་བརྟེན་ནས་མཐར་ཐུག་གི་འབྲས་བུ་མི་འགྲུབ་མི་སྲིད་དེ། མཐར་ཐུག་གི་འབྲས་བུ་འགྲུབ་བྱེད་རྒྱུ་རྐྱེན་གྲངས་ཚང་སྔོན་དུ་སོང་ཟིན་བའི་ཕྱིར། དེ་ལྟ་བུའི་རྒྱུ་འབྲས་ཕུན་སུམ་ཚོགས་པའི་དུས་ཚོད་ལ་དུས་ཕུན་སུམ་ཚོགས་པའམ་དུས་ཁྱད་པར་ཅན་སྨྲོས་ན་འགྲིག་པར་ངེས། ལྷག་པར་དུ་ཚེས་བཅུ་བཞི་དང་། བཅོ་ལྔ་དང་། བཅུ་དྲུག ཚེས་བརྒྱད། ཉི་ཤུ་གཉིས། གནམ་སྟོང་བཅས་ལ་དུས་ཁྱད་པར་ཅན་ཟེར་ཞིང་། རྒྱུ་མཚན་ནི། དུས་དེ་རུ་ལྷ་དང་ཀླུ་མི་དང་མི་མ་ཡིན་གཟུགས་ཅན་གཟུགས་མེད་སྟོབས་དང་རྫུ་འཕྲུལ་ཅན། ལྟ་སྒོམ་ཁྱད་པར་ཅན་རྫོགས་པའི་སངས་རྒྱས་སྐུ་འཁྲུངས་པ་དང་། འགྲོ་བ་འདུལ་བ། བོན་འཁོར་བསྐོར་བ། སྐུ་མི་རྟག་མྱ་ངན་ལས་འདས་པའི་དུས་སུ་མི་དང་མི་མ་ཡིན་ལ་སོགས་བསམ་གྱིས་མི་ཁྱབ་པ་གནས་གཞན་ནས་ཆེད་དུ་ཕེབས་ཤིང་བདེ་བར་གཤེགས་པ་ལ་མཆོད་པ་འབུལ་བ་དང་། ཕྱག་དང་སྐོར་ར་བྱེད་པ། བསྟོད་ཚིག་འབུལ་བ། བོན་ཉན་པ་དང་། ལུང་ཁ་ཅིག་ནས་འཛམ་གླིང་མི་ཡི་བྱ་སྤྱོད་ལ་བརྟག་པ་ལས་སྤྱོད་ཅི་བྱེད་མེལ་ཙེ་མཛད་པ། ལས་དགེ་བ་སྤྱོད་པར་མཐོང་ན་མི་རྣམས་དལ་འབྱོར་ཐོབ་པ་ཆུད་མི་འཛའ་ཞིང་མི་ལུས་ཐོབ་པ་དོན་དང་ལྡན་པ། སྡིག་སྤྱོད་མཐོང་ན་དེ་ལས་ལྡོག་སྟེ་མི་ལུས་ཐོབ་པ་ཆུད་ཟོས་པ་དོན་དང་མི་ལྡན་པ་དེ་ལ་བརྟེན་ནས་སྣོད་བཅུད་གཉིས་ཀ་མི་བདེ་བའི་ནད་མུག་འཁྲུག་རྩོད་སོགས་འབྱུང་བར་བཤད་དོ། །མདོར་ན་དུས་དེ་རུ་དགེ་སྡིག་གང་བྱས་འཕེལ་སྟོབས་ཆེ་བ། ལས་སྤྱོད་གང་ཡིན་ནུས་མཐུ་ཆེ་བ་སོགས་ཀྱི་དུས་ཡིན་པའི་ཕྱིར་ན་དུས་ཁྱད་པར་ཅན་ཞེས་བྱའོ། །ལྷག་པར་དུ་ཉ་སྟོང་སོགས་ལ་དེང་དུས་ཀྱི་བོད་མི་མ་གཏོགས་སྔར་བོད་མི་མང་ཆེ་བས་ཕྱག་སྐོར་སྒྲིབ་སྦྱོང་། ཁ་འདོན་བཟླས་བརྗོད། བསྔོ་སྨོན་བྱེད་པ་དང་། དུས་ཁྲིམས་བསྲུང་བ། ཉམས་ལེན་སྐྱོང་བ་སོགས་དམིགས་བསལ་དགེ་སྒྲུབ་སྡིག་སྤོང་བྱེད་སྲོལ་ཁྱབ་བདལ་དུ་གནས་པ་རེད། རྟག་ཏུ་དུས་དེ་རྣམས་ལ་ཉ་ཞེས་བོད་མི་ཕལ་ཆེར་གྱིས་གླེང་བཞིན་ཡོད་མོད་ཀྱང་། ཇི་ལྟར་ཉ་ཡིན་མིན་གྱི་རྒྱུ་མཚན་གླེང་ན་གཞི་ནས་དེའི་སྐོར་བསམ་གཞིག་བྱེད་པ་ལས་ལན་གྱིས་དབུལ། དེ་དག་གི་གནས་ཚུལ་ལ་ཁོ་བོར་རྣམ་དཔྱོད་ཀྱིས་དབུལ་ཡང་བསམ་བློ་ནན་གྱིས་བཏང་ཁུལ་གྱིས་གཙོ་བོའི་ས་བཅད་བཞི་ཡི་སྒོ་ནས་རོབ་ཙམ་གླེང་བར་འདོད།

དང་པོ་དམངས་ཁྲོད་ཀྱི་གླེང་སྲོལ་ཁག་རོབ་ཙམ་གླེང་བ།

དམངས་ཁྲོད་དུ་ཉ་ནི་ཟླ་བ་ཚེས་གཅིག་ནས་རིམ་བཞིན་འཕེལ་ཏེ་ཚེས་བཅོ་ལྔ་ལ་ཁ་གང་བས་ཉ་དང་། གནམ་གང་ངམ་གནམ་སྟོང་ཉ་ཡིན་པའི་རྒྱུ་མཚན་ནི། དགོང་མོ་དེར་གནམ་དཀྱིལ་ཟླ་བས་སྟོང་བས་ཉ་དང་། ཉི་ཟླ་གཟའ་ཡིས་ཟིན་དུས་དང་། སྐར་མ་གང་ཡིན་ཟླ་བའི་གུར་ཁྱིམ་དུ་ཚུད་པས་ཉ་སོགས་འཇིག་རྟེན་ན་གླེང་སྲོལ་ཤིན་ཏུ་མང་ཡང་བགྲེས་སོང་གི་ངག་རྒྱུན་མཐའ་དག་འདིར་བཤད་པར་མ་ནུས་སོ། །དེ་དག་རེ་འགར་ལུང་གི་རྒྱུ་མཚན་ཡང་ལྡན་པར་མངོན་ཏེ། མདོ་མང་སངས་པོའི་བསྟོད་པ་ལས། ཞལ་གང་ཟླ་བ་ཉ་བ་འདྲ་ཞེས་དང་། གཟེར་མིག་ལས། ཐིག་གི་དབྱིབས་ཀྱང་ཟླ་བ་ཉ་བ་བཞིན་དུ་བསྐོར་ཞེས་དང་། ནང་པར་བཅོ་ལྔ་རྒྱལ་ལ་མཆོད་སྦྱིན་རྒྱས་པར་འབུལ་ཞེས་དང་། དུས་ཁྲིམས་མདོ་ལས། ཉ་གང་བའི་དུས་སུ་གཤེན་རབ་ལྷ་ཡི་སྟོན་པ་གཤེན་རབ་མི་བོའམ་བདུད་རྩི་ཞི་དལ་ཀུན་སྙོམས་ཀྱི་ཉ་ཞེས་དང་། གནམ་སྟོང་གཤེན་ལྷ་འོད་དཀར་གྱི་ཉ། བཅུ་བཞི་མུ་ཆོ་ལྡེམ་དྲུག་གི་ཉ། བཅུ་དྲུག་གཏོ་བུ་འབུམ་སངས་ཀྱི་ཉ། ཚེས་བརྒྱད་གསང་བ་ངང་རིང་གི་ཉ། ཉེར་གཉིས་བ་རབ་གླིང་བཞིའི་ཉ་ཞེས་དང་། གསེར་འོད་ལས། ཁྱད་པར་ཉ་གསུམ་དག་ལ་ནི་ཞེས་དང་། དྲང་དོན་ལས་ཐུན་མོང་ཉ་སྟོང་ཚེས་བརྒྱད་སྟོང་འགྱུར་རོ་ཞེས་དང་། བསྙེན་སྙུང་གི་སྡོམ་པ་འབོག་ཐབས་ལས། ཉ་དང་གནམ་གང་ཚེས་བརྒྱད་ཉི་ཤུ་གཉིས་གང་རུང་ལ་ཞེས་པའི་ལུང་ནི་བླ་མ་དགེ་བའི་བཤེས་གཉེན་གྱིས་གསུངས་པ་ལ་བརྟེན་ནས་གོམས་སྲོལ་དང་གླེང་སྲོལ་དེ་དག་བྱུང་བར་དཔོག་ཐུབ།

གཉིས་པ་ལུང་དང་མཐུན་པའི་ཉ་ངོས་བཟུང་བ།

འདིར་དམངས་ཁྲོད་དུ་གླེང་སྲོལ་བཞིན་ཉི་ཤུ་དགུ་དང་གནམ་སྟོང་ཚེས་བརྒྱད་ཚེས་གཅིག་ཉི་ཤུ་གཉིས་ཚེས་བཅུ་བཅས་ཉ་ཡིན་པའི་གླེང་སྲོལ་དང་། དུས་ཁྲིམས་མདོ་ལས་གསུངས་པའི་ཉ་ཡི་སྐོར་ཟུར་དུ་བཞག་ནས་འཆད་རྒྱུ་ཡིན། རྒྱུ་མཚན་ནི། མགོ་ནག་བོད་མིའི་མཁས་རྒུའི་གཙུག་རྒྱན་བླ་ན་མེད་པ། མཆོག་ཏུ་གྱུར་བ། ཕྱི་ལྟར་རྣམ་དག་འདུལ་བའཛིན་པའི་དྲང་སྲོང་ཆེན་མོ། ནང་ལྟར་རིམ་གཉིས་སྔགས་ཀྱི་རྣལ་འབྱོར་ཆེན་པོ། གསང་བ་ཡེ་གྲོལ་ཀུན་ཏུ་བཟང་པོ་དང་མི་གཉིས་པའི་དཔོན་གསས་ཆེན་པོ་ཡོངས་འཛིན་སྨྲ་བའི་སེང་གེའི་ཞལ་ནས། ཉ་ལ་དབྱེ་ན་གསུམ་ཡོད་རེད། དེ་དག་ནི་ཚེས་བཅུ་བཞི་དང་བཅོ་ལྔ་བཅུ་དྲུག་གསུམ་རེད། བསྙེན་གནས་ལྟར་བྱས་ན་གནམ་སྟོང་ཚེས་བརྒྱད་ཉི་ཤུ་གཉིས་ལ་ཉ་ཟེར། ཚེས་བཅོ་ལྔ་ལ་ཟླ་བ་འཕེལ་འགྲིབ་མི་མངའ་ཡང་ང་ཚོའི་མཐོང་ཚུལ་ལ་ཟླ་བ་འཕེལ་འགྲིབ་འགྲོ་བའི་ཆ་ནས་ཉར་འབོད་པ་ལས་དུས་ཁྲིམས་མདོ་ལྟར་གསུངས་ཚད་ཉ་ཡིན་རྒྱུ་མ་རེད། བདེ་བར་གཤེགས་པས་དགོངས་གཞི་དགོངས་པ་གདུལ་བྱ་ཁ་ཤས་ལ་ལྟོས་ཏེ་གསུངས་པ་མ་གཏོགས་ཚང་མ་དཀའ་ལས་ཁག་པོ་ཡིན་རྒྱུ་རེད། ཉ་ཡི་སྐོར་བཤད་ན་ལུང་བཀའ་དྲི་མ་མེད་པ་གཟི་བརྗིད་མདོ་དང་། གཟེར་མིག་གི་ནང་ནས་རྫོགས་པའི་སངས་རྒྱས་སྐུ་འཁྲུངས་པའི་དུས། འགྲོ་བ་འདུལ་བའི་དུས། བོན་འཁོར་སྐོར་བའི་དུས། སྐུ་མྱ་ངན་ལས་འདས་པའི་དུས་སོགས་ལ་བལྟས་ཏེ་བྲིས་ན་ང་ཚོས་ཕུགས་དེའི་ཡན་ལ་གཏུག་ས་རྙེད་རྒྱུ་མ་རེད། ཅེས་བཀའ་ལུང་ལོག་འཁྲུལ་དྲི་མ་བཀྲུ་བའི་བདུད་རྩིའི་ཆུ་རྒྱུན་བསྩལ་བ་ལ་བརྟེན་ནས་འདིར་མདོ་གཟི་བརྗིད་དང་གཟེར་མིག་གཞིར་བཟུང་སྟེ་འཆད་རྒྱུ་ཡིན། དང་པོ་བཀའ་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་གཤེན་རབ་སྐྱེ་བ་བཞེས་པའི་མདོ་ཤོག་གྲངས ༤༠༧ ལས་དུས་དེ་ཙམ་ན་སྟོན་པ་བློ་གསལ་འཆི་མེད་གཙུག་ཕུད་ཅེས་བྱ་བ། རྣམ་པ་ཐམས་ཅད་མཁྱེན་པ་སྤྲུལ་པའི་སྐུ་དེས། ཚེ་ལོ་སྟོང་པའི་སྟོན་པ་ས་སྟོང་དཔལ་འབྱོར་གྱི་བསྟན་པ་རྫོགས་ནས། བརྒྱ་བའི་འགྲོ་བ་འདུལ་བའི་དུས་ལ་བབས་ཏེ། ལྷ་གཤེན་སྲིད་པ་གསུམ་གྱིས་བཀའ་གནང་ནས། གནས་རིགས་ཆེན་པོ་འོད་གསལ་ལྷ་ལས་བབས་ཏེ་སུམ་ཅུ་རྩ་གསུམ་གྱི་གནས་སུ་ལྷ་ཡི་བདག་པོ་ཚངས་པ་དང་། བརྒྱ་བྱིན་དང་། མ་ཧ་དེ་བ་དང་། ཉེ་དབང་རྒྱལ་པོ་སུམ་ཅུ་རྩ་གཉིས་དང་། ལྷ་ཡི་བུ་བློ་གྲོས་བརྟན་པ་ལས་སོགས་ཏེ་ལྷ་ཡི་འཁོར་རྣམས་ལ་བོན་གྱི་འཁོར་ལོ་བསྐོར་ནས། གསས་ཁང་གཡུང་དྲུང་ལྷ་རྩེ་བཞེངས་སུ་གསོལ་ནས། ལྷ་མཐུ་རྩལ་ཅན་རྣམས་ཀྱིས་བཞུགས་པར་ཞུས་ཀྱང་། ལྷ་གཤེན་སྲིད་པའི་བཀའ་གཉན་པར་དགོངས་ནས་བཞུགས་པར་མཆིད་མ་གནང་སྟེ། ལྷ་ཡི་བུ་བློ་གྲོས་རབ་ཏུ་བརྟན་པ་ལ་བཀའ་གནང་མཛད་དེ། གསས་ཁང་དེ་ཡི་བདག་ཏུ་བསྐོས་སོ། །ལྷ་རྣམས་འདྲེན་པའི་སྟོན་པར་ལུང་ཕོགས་སོ། །དེ་ནས་རི་རབ་ཀྱི་རྩེ་མོར་ལྷ་མཐུ་རྩལ་ཅན་རྣམས་དམ་ལ་བཏགས་ནས་བསྟན་པ་སྲུང་བའི་དབང་བསྐུར། ལྷ་མ་ཡིན་གྱི་རྒྱལ་པོ་སྡེ་ལྔ་དབང་དུ་བསྡུས་ནས་གཡེན་ཁམས་སུམ་ཅུ་རྩ་གསུམ་ལ་འདུལ་བའི་བོན་པོ་སུམ་ཅུ་རྩ་གསུམ་དུ་སྤྲུལ་ནས། བསྟན་པ་འཛིན་པ་དང་། སྐྱོང་བ་དང་། སྤེལ་བའི་ལུང་ཕོག དེ་ནས་རི་རབ་ཀྱི་ལྷོ་ཕྱོགས་ཀྱི་ཁ་ཁྱེར་རྒྱལ་ཆེན་སྡེ་རིགས་བཞིའི་རྒྱལ་སར་གོང་མ་རྒྱལ་པོ་ཆེན་པོ་བོན་གྱི་འཕགས་ཀྱིས་མངའ་མཛད་པའི་ཕོ་བྲང་ཆེན་པོ་ཛྷ་རན་དྷའི་རྩེ་ལ། ལྷའི་གཡུང་དྲུང་སེམས་དཔའ་འཁོར་དང་བཅས་ཏེ་བྱོན་ནས། གཟིགས་ཚད་དང་དགོངས་ཚད་ཐུགས་ལ་བཀྲམ་སྟེ་ཞེས་དང་༤༡༥ དེ་ནས་སྟོན་པ་དེས་གཟིགས་ཚད་དགོངས་ཚད་དེ་ལྟར་ཐུགས་ལ་བཀྲམ་ནས། གཤེགས་པའི་གནས་ལ་ཤིན་ཏུ་ཐུགས་རངས་བར་གྱུར་ནས། སྐུ་འདུས་རྫུ་འཕྲུལ་མཛད་དེ་འདབ་ཆགས་ཀྱི་རྒྱལ་པོ་ཁུ་བྱུག་ཅེས་བྱ་བ། རིན་པོ་ཆེའི་ཏིང་མུར་དཀར་གྱི་མདོག་འདྲ་བ། གཞའ་ཚོན་གྱི་སྤུ་རུ་འོད་དུ་ལྡེམ་པ། གཤོག་པ་ལ་ཁ་དོག་སྣ་ཚོགས་ཀྱི་འོད་ཟེར་འཕྲོ་བ། སྤྱན་ལ་སྐར་མ་པ་ཝ་སངས་ཀྱི་འཆར་བ། མཆུ་ཟླུམ་པ། གསུང་སྙན་པ། སྡེར་མོ་རྣོ་ལ་ཟླུམ་པ། དེ་ལྟ་བུ་ཞིག་ཏུ་སྤྲུལ་ལོ། །ཞེས་དང་། ༤༡༦ ལས་ལྷ་ཡི་བུ་དད་པ་དང་ལྡན་པ་རྨ་ལོ་རབ་ཏུ་བྱུང་བ་དང་། གཞོན་ནུ་གཙུག་ཕུད་གཉིས 《སྨོན་ལམ་》 དབང་གིས་བྱེའུ་ཆུང་ཁུག་རྟ་གསེར་སྒ་དང་། དུང་སྒ་གཉིས་སུ་སྤྲུལ་ནས་འདབ་ཆགས་ཀྱི་རྒྱལ་པོའི་ཞབས་ནས་འདེགས་ཏེ་གཤེགས། ཞེས་དང་། དེ་ནས་འདབ་ཆགས་གཙོ་འཁོར་གསུམ་ཡང་ལྷོ་འཛམ་བུ་གླིང་གི་མིག གནས་མཆོག་དམ་པ་འོལ་མོ་ལུང་རིང་གི་དབུས། རིའི་རྒྱལ་པོ་གཡུང་དྲུང་དགུ་བརྩེགས་ཀྱི་ལྷོ་ཤར་འགྲོ་བ་རབ་འདྲེན་འོད་གྱི་མཆོད་རྟེན་གྱི་རྩེ་ལ་བབས་ནས། གསུང་ལྷང་ལྷང་ལན་གསུམ་གྲགས་པས་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་རབ་འབྱམས་དཔག་ཏུ་མེད་པ་རྣམས་སུ་སྒྲ་སྙན་པ་དེ་མ་ཐོས་པ་མེད་དོ། །དེའི་དུས་སུ་སེམས་ཅན་ཐམས་ཅད་ཀྱང་དགའ་བ་དང་དད་པ་སྐྱེ་ནས། ཤིན་ཏུ་ཡང་སྤྲོ་རབ་ཏུ་ཡང་དྭངས་སྤྲོའོ། །དེ་ལྟར་དྭངས་སྤྲོ་བའི་དགའ་བ་དང་ཉན་པ་དེས། དམྱལ་བ་རྣམས་ཀྱང་ཚ་གྲང་གི་སྡུག་བསྔལ་ཞི་བར་འགྱུར་རོ། །ཡི་དྭགས་རྣམས་ཀྱང་བཀྲེས་སྐོམ་གྱི་སྡུག་བསྔལ་རྒྱུན་ཆད་པར་འགྱུར་རོ། །བྱོལ་སོང་རྣམས་ཀྱང་གླེན་ལྐུགས་ཀྱི་སྡུག་བསྔལ་སངས་བར་འགྱུར་རོ། མི་རྣམས་ཀྱི་བྲེལ་འཕོང་གི་སྡུག་བསྔལ་དལ་བར་འགྱུར་རོ། །ལྷ་མ་ཡིན་རྣམས་ཀྱང་འཐབ་རྩོད་ཀྱི་སྡུག་བསྔལ་ཞི་བར་འགྱུར་རོ། །ལྷ་རྣམས་ཀྱང་ལེ་ལོའི་སྡུག་བསྔལ་ཞི་བར་འགྱུར་རོ། །བར་དོ་རྣམས་ཀྱང་སྟོང་ཞེན་གྱི་སྡུག་བསྔལ་ལས་གྲོལ་བར་འགྱུར་རོ། །ཞེས་དང་། ༤༡༩ ལས། དེ་ནས་སྟོན་པས་ལྷ་ཡི་བུ་གཉིས་ལ་བཀའ་བསྩལ་བ། རིགས་ཀྱི་བུ་མཚན་དང་ལྡན་པ་བདག་ནི་འགྲོ་བ་རང་མཐུན་གྱི་ཆ་ལུགས་ལ། ཡབ་ཡུམ་གྱི་མངལ་དུ་འཇུག་ནས་སྐྱེ་བ་བཞེས་པའི་ཚུལ་སྟོན་པ་ཡིན་པས། ཁྱེད་གཉིས་ཀྱང་རི་གཡུང་དྲུང་དགུ་བརྩེགས་ཀྱི་ནགས་ཚལ་ལ་སྦས་པའི་ཚུལ་དུ་ཞུགས་ཤིག ནམ་ཞིག་དུས་ལ་བབས་པའི་དུས་སུ་བསྟན་པའི་ཞབས་ནས་འདེགས་ཤིང་། ཐུགས་སྲས་དམ་པར་གྱུར་བའི་སྲས་རྨ་ལོ་གཡུ་ལོ་ཞེས་བྱ་བར་འགྱུར་རོ། །ཞེས་གསུངས་ནས་སྟོན་པ་ཉིད་ཀྱི་སྐུ་གསུང་ཐུགས་ལས་ཡི་གེ་འབྲུ་གསུམ་དུ་སྤྲུལ་ནས་སྐུ་ཡི་ཆ་ལས་ཡི་གེ་ཨ་དཀར་པོ་གཅིག་ཏུ་སྤྲུལ་ནས། ཡབ་ཀྱི་སྤྱི་བོའི་གཙུག་རུམ་ནས་ཀླད་པའི་དུང་ཁུང་དུ་གཤེགས་སོ། །དེ་ནས་ཚིགས་པ་གཡུང་དྲུང་གི་ཐེམ་སྐས་ལས་བབས་ནས། རྒྱུང་པ་འདྲེན་པའི་ཆུ་ལ་ཞོན་ནས་ཡབ་ཀྱི་སྟ་ལ་གཤེགས་སོ། །ཐུགས་ཀྱི་ཆ་ལས་ཡི་གེ་ཧཱུྂ་སྐུ་མདོག་དམར་པོ་གཅིག་ཏུ་སྤྲུལ་ནས། ཡུམ་གྱི་སྤྱི་བོའི་གཙུག་རུམ་དུ་གཤེགས་སོ། །ཀླད་པ་དུང་གི་རྒྱ་མཚོར་གཤེགས་སོ། །སྲོག་རྩ་འདྲེན་པའི་རྩ་ལ་ཞོན་ནས་ཡུམ་གྱི་མངལ་དུ་གཤེགས་སོ། །གསུང་གི་ཆ་ལས་ཨཱོྂ་མཐིང་སྐྱ་གཅིག་ཏུ་སྤྲུལ་ནས། གཉིས་མེད་མཉམ་པར་སྙོམས་འཇུག་གི་དུས་སུ་རང་བཞིན་གྱིས་གཤེགས་སོ། །དེ་ནས་ཡབ་ཀྱི་སྟ་ལ་སེམས་ཀྱི་རྒྱུ། ཤེལ་ཀང་ཀ་རི་དཀར་པོ་བཅག་པ་འདྲ་བ་ཡུམ་གྱི་མངལ་ནི་ཡིད་ཀྱི་རྒྱུ་མཚལ་ཙ་ཏི་ལ་དམར་པོ་བཅག་པ་འདྲ་བ། དེ་གཉིས་འདྲེས་ཙམ་ན། བྱང་ཆུབ་ཀྱི་སེམས་ལ་དངོས་པོ་དང་གཟུགས་དབྱིབས་སུ་མ་མཆིས་ཏེ། འགྲོ་བ་རང་མཐུན་གྱི་ཆ་ལུགས་སུ་རྟག་པ་དང་ཆད་པའི་མཐའ་བསལ་བའི་ཕྱིར། སེམས་ཉིད་ངོ་བོ་འོད་ཀྱི་ཐིག་ལེ་དཀར་ལ་དམར་བའི་མདངས་ཆགས་པ། དམར་ལ་དཀར་བའི་མདངས་ཆགས་པ། གཉིས་སུ་མེད་པ་མཐིང་གི་འོད་འཕྲོ་བ། ཕྱི་ནང་སྒྲིབ་མེད་དུ་གསལ་བ། བྱ་ངང་བའི་སྒོ་ང་ཙམ་དུ་སྤྲུལ་ནས་ཡུམ་གྱི་ལྷུམས་སུ་ལྷམ་མེ་ལྷེན་ནེ་ལྷང་ངེར་བཞུགས་ཞེས་སོ། །བཞུགས་པའི་དུས་སུ་འབྱུང་བའི་ལྷ་མོ་བཞི་ཡིས་སྐུ་བསྐྱེད་དེ། རླུང་གི་ལྷ་མོ་ཡངས་པ་འདེགས་བྱེད་མས་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལ་དབུགས་ཀྱི་མངའ་གསོལ་བྱས། མེ་ཡི་ལྷ་མོ་གསལ་བའི་སྨིན་བྱེད་མས། བྱང་ཆུབ་སེམས་ཀྱི་ཐིག་ལེ་ལ་དྲོད་ཀྱི་མདངས་འབྱིན་པར་བྱེད་དོ། །ཆུ་ཡི་ལྷ་མོ་ཀུན་གསོ་བརླན་བྱེད་མས། བྱང་ཆུབ་སེམས་ཀྱི་ཐིག་ལེ་ལ་ཁྲག་གི་བཅུད་མདངས་གསོ་བར་བྱེད་དོ། །ས་ཡི་ལྷ་མོ་ཀུན་བརྟན་གསོ་བྱེད་མས། བྱང་ཆུབ་སེམས་ཀྱི་ཐིག་ལེ་ལ་ཤ་ཡི་རྒྱུ་བསྐྱེད་པར་བྱེད་དོ། །འབྱུང་བཞིའི་ལྷ་མོ་བཞིས་གཤེན་རབ་སྤྲུལ་བའི་སྐུ་ལ་གསོ་བསྐྱེད་མི་འཚལ་ཡང་། འགྲོ་བ་རང་མཐུན་གྱི་ཆ་ལུགས་སེམས་ཅན་དོན་དུ་བྱོན་པའི་སྤྲུལ་སྐུ་ལ་རླུང་གིས་དབུགས་དབྱུངས། མེས་བདེ་དྲོད་བསྐྱེད། ཆུས་བག་ཆགས་བཀྲུ། ས་ཡིས་དགོས་འདོད་འབྱུང་བ་སོགས་གདུལ་བྱ་སོ་སོའི་སྐྱེ་བོའི་སྣང་ངོ་རུ་འབྱུང་བ་བཞི་འདུས་ཀྱི་ཕུང་པོ་རུ་གྲུབ་ཚུལ་བསྟན་པ་ཡིན་ནོ། །གཤེན་རྒྱལ་ཉིད་ཀྱི་སྐུ་ལ་སྐྱེ་འགག་རྟག་ཆད་མི་མངའ་ཡང་དབང་པོ་ལྔ་དང་རྣམ་ཤེས་ཚོགས་དྲུག་རྟེན་འབྲེལ་བཅུ་གཉིས་ཀྱི་ཕུང་པོ་གྲུབ་བོ། །གྲུབ་པ་དེ་ཡང་གཟུགས་ནས་རྒ་ཤིའི་བར་འཁོར་བའི་བོན་རྣམས་ཡོངས་སུ་དག་པ་དང་། རྣམ་པར་དག་པ། ཟག་པ་ཟད་པ། ཉོན་མོངས་མེད་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། རིག་པ་གསལ་བ། སྟོབས་དང་ལྡན་པ། རྨད་དུ་བྱུང་བ། དོན་མི་བསྙེལ་བའི་གཟུངས་དང་ལྡན། སོ་སོར་ཐར་བའི་སྒོ་གང་ལ་ཡང་མ་འགག་པ། སྐྱེས་བུ་ཆེན་པོ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་རྩ་གཅིག་གིས་བརྒྱན་པ། དགུང་ཟླ་ངོ་ལྔ་ནས་བཅུ་ཡི་བར་དུ་དོན་གང་ལ་ཡང་མི་གཡོ་བ། ཡེ་ཤེས་ཆེན་པོའི་ཏིང་འཛིན་ལ་སྙོམས་པར་ཞབས་སྐྱིལ་ཀྲུང་། ཕྱག་མཉམ་བཞག་ཏུ་བཞུགས་སོ། །ཡང་༤༢༥ ལས། དེ་ནས་ཟླ་དགུ་ངོ་བཅུ་ལོན་ནས། རྒྱལ་བཞད་མའི་ཞལ་ནས། འོལ་མོ་ལུང་རིང་གི་མི་རྣམས་འདུས་ནས་རོལ་མོ་དང་མཆོད་པ་འབུལ་བའི་གྲབས་གྱིས་ཤིག སང་ཉི་མའི་རྩེ་ལ་རྒྱལ་བུ་འབྱོན་ནས་འོང་གི དེའི་འདུན་བསུ་དགོས་པ་ཡིན་ཞེས་ཀུན་ལ་རྨེད་བཏང་བའོ། །དེ་ནས་མི་རྣམས་རྟོག་《དོགས་》པ་ཟ་བ་ལ། ཁྱེའུ་སྲིད་ལ་མཁས་པ་བྱ་བ་ཡིས། རྒྱལ་བུ་བྱོན་ནས་འོང་གི་གསུངས་བ་ནི། གཞན་ནས་འོང་བ་མ་ཡིན་ཏེ། རྒྱལ་བཞད་ཉིད་ཀྱི་སྐུ་ལས་འཁྲུངས་པར་ངེས་སོ། །ཞེས་ཟེར་ནས་ཐམས་ཅད་ཀུན་དགའ་ནས། རོལ་མོའི་ཆས་རྣམས་བསགས་སོ། །དེ་ནས་དཔྱིད་ཟླ་ར་བའི་ཚེས་བཅོ་ལྔ་ལ་སྐུ་འཁྲུངས་ཏེ། ཞེས་དང་། ཕྱི་དེ་ནམ་གྱི་ཐོ་རེངས་ནམ་ལངས་བའི་དང་པོ་ལ་སྐུ་བལྟམས་ཏེ། དེ་ཡང་བལྟམས་པའི་ཚུལ་ཡང་། འགྲོ་བ་རང་མཐུན་གྱི་ཆ་ལུགས་སུ་འབྱོན་དགོས་ཀྱང་། འགྲོ་བ་གཞན་ལས་ཁྱད་པར་དུ་འཕགས་པའི་རྟགས་སུ། རླུང་གི་ལྷ་མོས་ཞབས་ནས་འདེགས་པས། ཡུམ་གྱི་མཆན་ཁུངས་《ཁུང་》གཡས་ནས་རྫུ་འཕྲུལ་གྱི་ཤུགས་ཀྱིས། གཞའ་ཚོན་གྱི་རྒྱུད་ལམ་ལ་སྐུ་བལྟམས་པའི་ཤུལ་དུ། མེ་ཏོག་པད་མ་འདབ་བརྒྱད་པ། གཡུ་ཡིའི་གཡུང་དྲུང་བཀྲ་ལམ་གྱིས་སོང་ངོ་། །དེ་ནས་དར་དཀར་ཀྱི་ལྗིབས་ཀྱིས་ནི་བླངས། ཚན་སྤོས་ཀྱི་དུད་པས་བསུས། དེའི་དུས་སུ་གསུང་ལྷང་ལྷང་ཐང་《ཐེངས་》གསུམ་གྲགས་པས། སྒྲ་སྙན་པ་དེ་མ་ཐོས་པ་མེད་དོ། །འགྲོ་བ་རང་མཐུན་ལའང་རང་རང་སོ་སོའི་སྒྲ་སྐད་དུ་གོ་སྟེ་ཞེས་སོ། །གོ་ཚུལ་གཞུང་བཞིན་བྲིས་ན་མང་དོགས་པས། མདོ་དོན་ནི། ཁོང་ནི་རིགས་དྲུག་རང་རང་འདུལ་བའི་གཤེན་པོ་སྟོན་པ་རེ་རེ་འོང་བར་གོ་བ་དང་། དེ་རང་རང་སོ་སོའི་ངོ་སྐལ་གྱི་སྒྲིབ་པ་རེ་རེ་སྤང་དགོས་པ་དང་། སྤངས་ནས་གཉེན་པོ་ཡེ་ཤེས་རེ་རེ་རིགས་དྲུག་སོ་སོའི་གང་ཟག་རྒྱུད་ལ་སྐྱེ་ཕྱིར། སྒྲིབ་པ་རེ་རེ་སྤང་བར་གྱིས་ཞེས་པར་གོ་བར་གསུངས། སྒོས་སུ་འོལ་གླིང་མི་ཡིས་ཐོས་ཚུལ་ལ། ༤༢༨ལས། ང་ནི་སྲིད་པའི་ཁྱེའུ་གསལ་བ་ཡིན། དག་པ་གཏོ་རྒྱལ་ཡེ་མཁྱེན་གདུང་ཚབ་ཏུ། འཛམ་གླིང་སོག་ཁར་འོལ་མོ་ལུང་རིང་དུ། ཚེ་ལོ་བརྒྱ་བའི་སྟོན་པར་འོང་བ་ཡིན། འཛམ་གླིང་འོལ་མོའི་མི་རྣམས་དགའ་ལགས་སམ། འདུན་ས་ཆེན་པོར་མཆོད་པ་འབུལ་བར་གྱིས། ཞེས་ཐོས། རྒྱལ་པོ་ཡབ་ཡུམ་གྱི་སྙན་ལམ་དུ། ང་ནི་བློ་གསལ་འཆི་མེད་གཙུག་ཕུད་ཡིན། བསྐལ་སྟོང་སངས་རྒྱས་སྟོང་གི་གྲལ་གནས་ཡིན། ཡབ་ཡུབ་སྔོན་ཚོགས་བསགས་པའི་འབྲས་བུ་ཡིན། བསོད་ནམས་བསགས་པའི་འབྲས་བུ་སྨིན་པ་ཡིན། ད་ཡང་ཡུན་དུ་མི་ཐོགས་འཕྲལ་ལས་སུ། བོན་ཉིད་དབྱིངས་སུ་མངོན་སངས་རྒྱས་པར་འོང་། ཞེས་དང་། ཡང་༤༢༩ ལས། ཉི་མ་ཤར་བའི་དུས་ལ་འོལ་མོ་ལུང་རིང་གི་མི་རྣམས་འདུས་ནས་རོལ་མོ་དྲངས་པའི་སྐབས་དེར། ཅི་ཡང་ལོང་མེད་པར་རི་རབ་ཀྱི་རྩེ་ནས་དད་པ་ཐང་ཆོད་པའི་འཁོར་འབངས་ནམ་མཁའ་ནས་བབས་སོ། །ཞེས་དང་། དེ་ནས་མུ་མཐུད་དེ་འགོད་པར་འོས་ཀྱང་འདིར་ས་མིག་ཆུང་བའི་རྐྱེན་ལས་མདོ་བསྡུས་ཙམ་ཞིག་མདོ་གཟེར་མིག་དེབ་གཟུགས་ཤོག་གྲངས་༤༣ ལས། མི་རྣམས་ཀྱང་ཡིད་སྤྲོ་ལ་སེམས་དགའ་ནས་མཁར་བར་བོ་སོ་བརྒྱད་ཀྱི་སྒོར་སྤྲིན་བཞིན་དུ་འདུས་ཏེ་ལ་ལས་རོལ་མོ་བསྒྱུར། ལ་ལས་རུ་མཚོན་ཕྱར་རོ། །ལ་ལས་རྔ་གཤང་དཀྲོལ་ལོ། །ལ་ལས་སྤོས་མེ་འབུལ་ལོ། །ལ་ལས་སྐུ་གླུད་འབུལ་ལོ། །ལ་ལས་སྐུ་ཕྱྭ་ལྡན་ནོ། །ལ་ལས་སྐུ་ཁྲུས་གསོལ་ལོ། །ལ་ལས་སྐོར་བ་བྱས་ཤིང་མེ་ཏོག་འབུལ་ལོ། །ཞེས་དང་། བར་དེར་ཅི་ཡིས་ལོང་མེད་པར་དད་པ་ཐང་ཆོད་འཁོར་རྣམས་ལ་འཕུངས། ནམ་མཁའི་ཁམས་ནས་སེམས་ཅན་རྣམས་ཀྱང་། སྟོན་པ་མིར་སྐྱེ་བ་བཞེས་པའི་གསུང་སྙན་པ་དེ་ཐོས་པས། དང་པོ་གཡུང་དྲུང་སེམས་དཔའ་རྣམས་ནི་དུས་དེར་སྐབས་མི་ཕྱེད་པར་མཁྱེན་ནས་མ་གཤེགས་སོ། །སླད་མ་རྣམས་དབལ་བོན་རོམ་པོ་དབལ་ཁམས་དང་ཆས་པ་དང་། ཡོག་བོན་གཏོ་རྒྱལ་ཡོག་ཁམས་དང་ཆས་པ་དང་། ཁྲིན་བོན་ཕྱྭ་སངས་ཁྲིན་ཁམས་དང་ཆས་པ་དང་། གཉེར་བོན་གཏོ་ཆེན་གཉེར་ཁམས་དང་ཆས་པ་དང་། འོ་བོན་འབྲངས་གཟུངས་འོ་ཁམས་དང་ཆས་པ་དང་། མཚམས་བོན་ཡོ་འཁྲི་མཚམས་ཁམས་དང་ཆས་པ་དང་། བདུད་བོན་ཆུ་ལྕགས་བདུད་ཁམས་དང་ཆས་པ་དང་། དམུ་བོན་གྱེར་མཁས་དམུ་ཁམས་དང་ཆས་པ་དང་། བཙན་བོན་མཚལ་ལྕགས་བཙན་ཁམས་དང་ཆས་པ་དང་། སྣང་བ་བཙན་བོན་བཙན་ཁམས་དང་ཆས་པ་དང་། སྲིད་བོན་མུ་ཆོ་ལྡེམ་དྲུག་སྲིད་ཁམས་དང་ཆས་པ་དང་། སྐོས་བོན་གཙུག་སྲས་ཁྲོལ་བུ་སྐོས་ཁམས་དང་ཆས་པ་དང་། ཕྱྭ་བོན་རྔ་བརྡུང་ཐེའུ་ལེགས་ཕྱྭ་ཁམས་དང་ཆས་པ་དང་། ལྷ་བོན་ཐོད་དཀར་ལྷ་ཁམས་དང་ཆས་པ་དང་། ཞེས་སོ། །དེ་བཞིན་ཟླ་ཉི་སྐར་གསུམ། སྤྲིན་གཞའ་དལ་གསུམ། ཟེར་ལོ་རྫི་གསུམ། ཀླུ་གཉན་རྒྱལ་གསུམ། སྨན་གཟེད་སྲི་གསུམ། འདྲེ་སྲིན་བྱུར་གསུམ། གཤིན་རྗེ་ཆུད་དང་གཉིས་ཏེ་དེ་རྣམས་ནམ་མཁའ་ལ་ཆར་བཞིན་དུ་བབས། ས་གཞི་ལ་རྩི་བཞིན་དུ་འཁྲུངས་ཏེ་འོལ་མོ་ལུང་རིང་གི་གནས་སུ་བབས་ཏེ་མཁར་བར་པོ་སོ་བརྒྱད་ལ། ལ་ལས་སྐོར་བ་བྱེད། ལ་ལས་ལྷ་ཕྱག་བྱེད། ལ་ལས་མེ་ཏོག་འབུལ། ལ་ལས་གཙང་ཚན་འབུལ། ལ་ལས་སྐུ་ཁྲུས་གསོལ། ལ་ལས་རྔ་བརྡུང་། ལ་ལས་གཤང་བཀྲོལ། ལ་ལས་དུང་འབུད་དོ། །ཞེས་སོ། །དེ་ལྟར་རྫོགས་པའི་སངས་རྒྱས་སྐུ་འཁྲུངས་བ་དང་། འགྲོ་བ་འདུལ་བ། བོན་འཁོར་སྐོར་བ། སྐུ་མི་རྟག་མྱ་ངན་ལས་འདས་པ་སོགས་རྒྱས་པར་གཟིགས་འདོད་ན་རང་ལ་རང་གིས་གོ་སྐབས་སྤྲད་དེ་མཛད་མདོ་ལ་གཟིགས་ན་ངོ་མཚར་ཆེ་བ་དང་རྒྱུ་མཚན་ལྡན་པར་མངོན་གྱི་འདུག་གོ །དེ་བཞི་ལ་རྫོགས་པའི་སངས་རྒྱས་ཀྱི་དུས་ཆེན་བཞི་ཟེར་རོ། །

ཁྱད་པར་དུ་ལུག་ལོའི་དབྱར་ཟླ་ར་བའི་ཚེས་བཅོ་ལྔ་ལ་ཧོས་ཟའི་སྐུ་ལས་སྲས་གཏོ་བུ་འབུམ་སངས་འཁྲུངས་པ་དང་། ཡང་སྤྲེལ་ལོའི་སྟོན་ཟླ་ཐ་ཆུང་གི་ཚེས་བཅོ་ལྔ་ལ་དཔྱད་བུ་ཁྲི་ཤེས་འཁྲུངས། བྱ་ལོའི་དཔྱིད་ཟླ་ར་བའི་ཚེས་བཅོ་ལྔ་ལ་གཤེན་ཟ་ནེ་ཆེན་མ་འཁྲུངས། ཡང་སྟག་ལོའི་དབྱར་ཟླ་ར་བའི་ཚེས་བཅོ་ལྔ་ལ་ཡུམ་དཔོ་ཟ་ཐང་མོའི་སྐུ་ལས་ལུང་འདྲེན་གསལ་བ་འཁྲུངས། ཡོས་ལོའི་དབྱར་ཟླ་ར་བའི་ཚེས་བཅོ་ལྔ་ལ་རྒྱུད་འདྲེན་སྒྲོན་མ་འཁྲུངས། འབྲུག་ལོའི་སྟོན་ཟླ་ར་བའི་ཚེས་བཅོ་ལྔ་ལ་གཤེན་ཟ་ནེའུ་ཆུང་འཁྲུངས། བྱི་ལོའི་དཔྱིད་ཟླ་ར་བའི་ཚེས་བཅོ་ལྔ་ལ་བདག་ཅག་གི་སྟོན་པ་གཤེན་རབ་མི་བོ་འཁྲུངས་པའི་དུས་ཁྱད་པར་ཅན་ཞེས་བྱའོ། །

ཅི་སྟེ་ན་གཟི་བརྗིད་པོད་དང་པོ་ཤོག་གྲངས ༡༣ ལས། གཤེན་ལྷས་དུས་ནི་ཁྱད་པར་གྱི་ལོ་ཟླ་ལ་ཤིན་ཏུ་སྙན་གྲགས་ཆེ་བས། རྫུ་འཕྲུལ་གྱིས་སྐུ་ཞིག་ཏུ་སྤྲུལ་ནས་གཤེགས་ཤིག ཅེས་དང་། ལྷོ་འཛམ་བུའི་གླིང་གི་དབུས་སོག་ཁ་དུས་གསུམ་སངས་རྒྱས་ཐམས་ཅད་འབྱོན་ཡུལ། འོལ་མོ་ལུང་རིང་དུ་དམུ་རིགས་འཕྲུལ་གྱི་རྒྱལ་པོར་སྐུ་འཁྲུངས་ཤིག དུས་ནི་ཁྱད་པར་གྱི་ལོ་ཟླ་ཤིན་ཏུ་སྙན་ཞིང་གྲགས་པ་ཞེས་པ་ནི་དུས་གསུམ་སངས་རྒྱས་སྐུ་འཁྲུངས་བའི་དུས་ལྟ་བུ་ཞིག་ལ་ངོས་འཛིན་མི་བྱེད་ན། གཞན་པའི་དུས་ཁྱད་པར་ཅན་ལོ་ཟླ་ཤིན་ཏུ་སྙན་ཞིང་གྲགས་པ་ཞིག་མི་རྙེད་ངེས། ཡང་ད་དུང་བདག་ནི་འགྲོ་བ་སེམས་ཅན་གྱི་དོན་དུ་ལྷོ་འཛམ་བུའི་གླིང་གི་མིག་སོག་ཁ་འོལ་མོ་ལུང་རིང་གི་གནས་སུ་འགྲོ་ནས་མཁར་བར་པོ་སོ་བརྒྱད་ཀྱི་ནང་དུ་དམུ་རིགས་རྒྱལ་པོའི་སྲས་སུ་འཁྲུངས་ནས་ཞེས་པའི་ལུང་དང་། དཔྱིད་ཟླ་ར་བའི་ཚེས་བཅོ་ལྔ་ལ་སྐུ་འཁྲུངས་ཏེ་ཞེས་པའི་ལུང་གིས་དཔོག་ཐུབ། ཁ་ཅིག་གིས་ཁྱོད་ཀྱིས་བཅོ་ལྔ་ཉ་ཡིན་པའི་རྒྱུ་མཚན་མདོ་ལུང་མང་བོ་ནས་གྲུབ་ཚུལ་བཤད་ཀྱང་། བཅུ་བཞི་དང་བཅུ་དྲུག་ཉ་ཡིན་པའི་རྒྱུ་མཚན་ལུང་རིགས་གང་ཡང་མེད་པའི་ཕྱིར་ཞེ་ན། ལུང་གིས་གྲུབ་ཏེ། གཟེར་མིག་གཤེན་རབ་ཀྱིས་བསྟན་སྤེལ་ཤོག་གྲངས ༦༦ ལས། དེ་ནས་སྟོན་པ་གཤེན་རབ་མི་བོ་ནི། མཚོ་མུ་ལེ་སྟོང་ལྡན་ཧད་ཀྱི་འགྲམ་དུ་སྐུ་ཁྲུས་ལ་གཤེགས་སོ། །ཟླ་བ་ཉ་གསུམ་གྱི་དུས་ཁྱད་པར་ཅན་ལ་ཉ་དང་པོ་དཀར་བའི་དུས་སུ་སྟོན་པ་ལ་གནམ་གྱི་ལྷས་སྐུ་ཁྲུས་གསོལ། ཉ་དབུ་མ་དམར་བའི་དུས་སུ་སྟོན་པར་བར་གྱི་མི་ཡིས་སྐུ་ཁྲུས་གསོལ། ཉ་ཐ་མ་སྔོ་བའི་དུས་སུ་སྟོན་པར་ས་འོག་ཀླུ་ཡིས་སྐུ་ཁྲུས་གསོལ། ཞེས་དང་། ཡོངས་འཛིན་ཆེན་པོས་མཛད་པའི་ སྟོན་པའི་སྐྱེས་རབས་པད་མ་དཀར་པོའི་ཕྲེང་བ་ཤོག་གྲངས་ ༢༩༤ ལས། དེ་ཡང་ཉ་དང་པོ་དཀར་བའི་དུས་དེར་ཟླ་བ་དགུ་བའི་ཚེས་བཅུ་བཞི་ལ་བརྒྱ་བྱིན་ལས་སོགས་ལྷ་རྣམས་ཀྱིས་སྟོན་པ་ལ་སྐུ་ཁྲུས་གསོལ། ཞེས་དང་། ཉ་དབུ་མ་དམར་བའི་དུས་དེར་སྟོན་ཟླ་ཐ་ཆུང་གི་ཚེས་བཅོ་ལྔ་ལ་མི་ཡི་དབང་པོ་འཁོར་ལོ་དབང་སྒྱུར་གྱིས་དངུལ་གྱི་བུམ་པར་ར་དཀར་གྱི་འོ་མ་དང་། ཚན་སྨན་བདུད་རྩི་སོགས་སྦྱར་བས་སྟོན་པ་ལ་སྐུ་ཁྲུས་གསོལ། ཞེས་དང་། ཉ་ཐ་མ་སྔོ་བའི་དུས་དེར་ཀླུ་ཡི་རྒྱལ་པོ་དགའ་བོས་བེེཌཱུརྱའི་བུམ་པར་རྒྱ་མཚོ་གླིང་དགུའི་ཆུ་དང་། བ་དཀར་གྱི་འོ་མ་རྩི་སྨན་སྦྱར་ཏེ་སྟོན་པ་ལ་སྐུ་ཁྲུས་གསོལ། ཞེས་པའི་ལུང་གིས་གྲུབ་བཞིན་ཚིག་ཟིན་ལྟར་དུ་ཁས་བླངས་ན་འགྲིག་པར་སྙམ། དེ་ཉའི་ལུང་དོན་འགྱུར་མེད་གཡུང་དྲུང་གི་བྲག་ལ་རྒྱབ་བརྟེན་བྱས་ཏེ་འཆད་ན་ཉ་ནི་རྫོགས་པའི་སངས་རྒྱས་སྐུ་འཁྲུངས་བའི་དུས་ཁྱད་པར་ཅན་ལ་ངོས་འཛིན་དགོས་པ་དོན་གྱིས་གྲུབ་བོ། །དུས་ཁྱད་པར་ཅན་ནི་དགེ་སྡིག་གང་བྱས་འབུམ་འགྱུར་འགྲོ་བའི་རིགས་སུ་གནས་པའི་དུས་ཚོད་ཅིག་ལ་ངོས་བཟུང་ན་འགྲིག་པར་སྙམ་མོ། །འོན་ཀྱང་དཔྱད་བྱའི་གནས་སོ། །

གསུམ་པ་དུས་དེ་དག་ལ་དགེ་སྡིག་སྤང་བླང་གི་སྐོར།

དེ་ནས་ཉ་སྟོང་སོགས་དུས་ཁྱད་པར་ཅན་ལ་གང་ཟག་རང་རང་གིས་དཔོག་ཚོད་ཀྱིས་བསྲུང་བྱའི་ཁྲིམས་རྣམས་བསྲུང་བ་དང་། ཁ་འདོན་བཟླས་བརྗོད་སོགས་ལ་བརྩོན་དགོས་ཏེ། གཟི་བརྗིད་དཀའ་ཐུབ་མདོ་ལས། རབ་ནི་ཏིང་ངེ་འཛིན་དགོངས་པ་ཉམས་སུ་ལོངས། འབྲིང་དཀའ་བ་མཐར་ཕྱིན་ཉམས་སུ་ལེན་པ་ནི་ཚེ་ཡི་དུས་ལ་བཟུང་སྟེ་དཀའ་ཐུབ་ཀྱི་སྡོམ་པ་མཐའ་རུ་ཕྱིན་པར་བསྐྱལ་ནས་སྐྱེ་བ་གཅིག་གིས་སངས་རྒྱས་ཀྱི་འབྲས་བུ་ལྡོག་པ་མེད་པར་གྲུབ་ནས། ཚོགས་རྫོགས་སྒྲིབ་པ་སྦྱངས་ནས་གོང་འཕེལ་དུ་འགྲུབ་པའོ། །མཐའ་མ་ལོ་ཟླ་ཞག་གྲངས་འཛིན་པ་ནི། ལོ་སྐོར་ཟླ་བ་དྲུག་དང་། ཞག་བཞི་བཅུ་ཞེ་དགུ་དང་། ཞག་བདུན་དང་ཞག་གསུམ་དང་ཞག་གཅིག་ལས་སོགས་དེ་དུས་དང་གནས་སྐབས་དམ་བཅས་ཏེ་བསྲུང་ན་དེའི་དོན་དང་ཡོན་ཏན་ནི་མུ་གེའི་བསྐལ་བ་དང་མཚོན་གྱི་བསྐལ་བ་དང་། སྲེག་བྱེད་མེ་ཡི་བསྐལ་བ་དང་། གཡོ་བྱེད་རླུང་གི་བསྐལ་བ་དང་། སྡུད་བྱེད་ཆུ་ཡི་བསྐལ་བ་ཆེན་པོ་དེ་དག་གི་སྡུག་བསྔལ་ལས་གྲོལ་ཞིང་ཐར་ནས་བདེ་བ་ཆེན་པོ་དང་བཅས་ཏེ་ཐར་བ་ཆེན་པོ་ཐོབ་པར་འགྱུར་རོ། །ཞེས་དང་། ཁྱིམ་སྤང་རབ་བྱུང་མདོ་༢༠༦ ལས། ནང་པར་སྐར་ཆེན་ཤར་ནས་སྐུ་ཙོག་པུར་བཞེངས་ཏེ་ཀློང་རྒྱས་བདེར་གཤེགས་སྟོང་གི་མཚན་རྣམས་བརྗོད། །ནམ་ལངས་ཤམ་པོ་ལྷ་རྩེར་བཀོད་པ་མཛད། །རྒྱལ་བ་རྒྱ་མཚོའི་ཡན་ལག་བདུན་པ་བརྗོད། །འགྲོ་འདུལ་ལྷ་གཤེན་བརྒྱ་ལ་མཚན་ཕྱག་འཚལ། །བྱང་ཆུབ་སེམས་བསྐྱེད་ཉེས་སྟོང་བཤགས་པར་བགྱིས། །ཉི་མའི་རྩེ་ལ་ཁྲུས་དང་གཙང་སྦྲ་མཛད། བདེར་གཤེགས་སྤྱན་དྲངས་བླ་མེད་མཆོད་པ་འབུལ། །ཉི་ཤར་རྡུལ་དྲོས་ཟས་ཀྱི་བྱ་བ་མཛད། །དེ་ནས་སྙིང་པོ་རྣམ་གསུམ་རིམ་བཟླས་ཤིང་། །ཕྱག་སྐོར་མོས་འདུན་རྒྱུན་དུ་བརྩོན་པར་མཛད། །དགུང་ལ་བྲོ་བཞེས་དགུང་མོའི་ཁ་ཟས་སྤངས། །པད་ཤུན་གདན་ལ་ཙོག་པུར་མཉམ་བཞག་སྟེ། །ཐོ་རངས་བར་དུ་ཏིང་འཛིན་གཡོ་མེད་བཞུགས། །དེ་ནས་དགེ་བསྙེན་ཉིན་མཚན་ཁོར་ཡུག་ཏུ། །ལོ་ཟླ་ཞག་གྲངས་ཟ་མ་དུས་མི་འདའ། །སྐད་ཅིག་འབྲལ་མེད་མིག་གི་འབྲས་ལྟར་བསྲུང་། །སྐབས་སུ་འཁོར་ལ་མན་ངག་བོན་ནི་འཆད། །ཅེས་དང་། དལ་འབྱོར་གཙང་མའི་མི་ལུས་ཐོབ་དུས་འདིར། །འཁོར་བ་ལས་ཐར་མྱ་ངན་འདས་ཐོབ་ཕྱིར། །བྱང་ཆུབ་སེམས་ཀྱི་བསླབ་པ་རབ་རྫོགས་ཤིང་། །གཡུང་དྲུང་སེམས་དཔའི་སྤྱོད་ལ་འཇུག་པ་ན། །རྒྱུ་འབྲས་ཤེས་པས་མི་ཆོག་ཁྱིམ་སྤངས་དགོས། །ཁྱིམ་ཐབ་སྤངས་པས་མི་ཆོག་རབ་བྱུང་དགོས། །རབ་ཏུ་བྱུང་པས་མི་ཆོག་གོང་འཕེལ་དགོས། །གོང་འཕེལ་བླངས་པས་མི་ཆོག་དཀའ་ཐུབ་དགོས། །དཀའ་ཐུབ་བྱས་པས་མི་ཆོག་མཐར་ཕྱིན་དགོས། །ཞེས་དང་། ༢༢༤ ལས། སྡིག་པ་མར་འགྲིབ་ཚད་དང་རྩིས་ཟིན་པ། །དགེ་བྱེད་བརྒྱ་སྟེ་སྡིག་ཅན་སྐྱེ་བོ་གཅིག །སྐྱེ་བོ་བརྒྱ་སྟེ་དམན་པའི་མོ་ལུས་གཅིག །མོ་ལུས་བརྒྱ་སྟེ་རབ་ཆད་མ་ནིང་གཅིག །མ་ནིང་བརྒྱ་སྟེ་ཆུ་སྲིན་མ་ཧ་གཅིག །དེ་ཡིས་མནར་མེད་དམྱལ་བར་ལྟུང་བར་འགྱུར། །ཞེས་དང་། ༢༣༠ ལས། གང་དག་ཞིང་ལ་མཐོ་དམན་ཚོགས་བསགས་ཚད། ། དམན་པ་བརྒྱ་ལས་ཐ་མལ་སྐྱེ་བོ་གཅིག །སྐྱེ་བོ་བརྒྱ་འགྱུར་རྒྱུ་ཡི་བོན་སྤྱོད་གཅིག །དེ་འགྱུར་བརྒྱ་བས་རབ་ཏུ་བྱུང་བ་གཅིག །དེ་བརྒྱ་ཚུལ་དང་ལྡན་པའི་དགེ་བསྙེན་གཅིག །དེ་ཡན་བརྒྱ་དེ་དེ་འགྱུར་ཟུང་འབྲེལ་དྲང་སྲོང་གཅིག །དེ་ལ་གོང་འཕེལ་བསྐྱེད་རིམ་རྫོགས་རིམ་བོན། །ཁྱད་པར་དོན་ལྡན་དྲང་སྲོང་སྟོང་ཕྲག་གསུམ། །སྐྱེ་བ་མཐར་ཕྱིན་སྟོབས་དང་ལྔའི་ཚད། །དེ་ལྟར་མཐོ་ཞིང་དམའ་བའི་ཞིང་ས་བདམ། །སྦྱིན་པའི་དམིགས་ཡུལ་ཤིན་ཏུ་དམའ་བར་ཤེས། །དངོས་མེད་དམིགས་ཡུལ་བརྒྱ་དང་དངོས་བཅས་དམིགས་ཡུལ་གཅིག །དེ་དག་བརྒྱ་འགྱུར་སོ་སོའི་སྐྱེ་བོ་གཅིག །སྐྱེ་བོ་བརྒྱ་འགྱུར་འདོད་སྲེད་དམན་པ་གཅིག །དམན་པ་བརྒྱ་འགྱུར་དམུ་ལོང་འོན་པ་གཅིག ། ཤིན་ཏུ་ཉམ་ཐག་འདོད་པས་གདུང་བ་གཅིག །ཇི་བཞིན་དམན་པ་དེ་བཞིན་སེམས་ཅན་གཅིག །སྦྱིན་མཆོག་དམ་པས་འགྲོ་ཀུན་དབུལ་བ་སེལ། །བསོད་ནམས་ཚོགས་བསགས་བསྐལ་བར་ཟད་མི་འགྱུར། །ཞེས་སྟོན་པས་ལྷ་ལ་བོན་བསྟན་པའི་མདོ་རུ་གསལ་བཞིན་གོ་རྟོགས་ངེས་པར་བྱའོ། །ཁྱད་པར་དུ་ཕྱི་འདོད་ཡོན་ལོངས་སྤྱོད་ནང་རྣམ་ཤེས་ཚོགས་བརྒྱད། གསང་བ་བཟང་ངན་གྱི་རྟོག་ཚོགས་ཐམས་ཅད་ཚོགས་སུ་དམིགས་ཏེ་བླ་མ་ཡི་དམ་མཁའ་འགྲོ་བོན་སྐྱོང་སོགས་དཀྱིལ་འཁོར་ཕྱི་ནང་གང་རུང་གི་ཞལ་ཕྱེས་ཏེ་སྔགས་དང་ཏིང་འཛིན་ཕྱག་རྒྱ་ལས་སོགས་སོ་སོའི་ལས་ཆོག་ལས་གསལ་བ་ལྟར་བྱེད་ཅིང་། སྤྱི་དོན་རོབ་ཙམ་ཞིག་མཇལ་བར་་འདོད་ན་དྲང་དོན་མུན་སེལ་སྒྲོན་མ་ཁྲི་བརྟན་ནོར་བུ་རྩེའི་དེབ་གཟུགས་ཤོག་གྲངས་༢༤ལས། །ཀྱེ་ཧོ་འདི་བཞིན་དང་དུ་བླང་བའི་སྐྱེས་བུ་རང་འདྲ་དེས། ཞེས་པ་ནས་གང་བསྒྲུབས་འབྲས་བུ་དོན་གྱིས་གདུགས་བཞིན་སྐྱོབ་པར་བྱེད། ཅེས་པའི་བར་དུ་གཟིགས་པར་བྱའོ། །

ཉ་སྟོང་སོགས་དུས་ཁྱད་པར་ཅན་ལ་དགེ་སྡིག་གང་བྱས་འགྱུར་ཆེ་བའི་རྒྱུ་མཚན་བཤད་ན།

ཡང་དྲི་མེད་ཤོག་གྲངས་༣༦༨ལས། སྟོན་པ་ལྷ་ལས་བབས་པ་དང་། ལྷུམ་《ལྷུམས་》སུ་ཞུགས་པ་དང་། སྐྱེ་བ་བཞེས་པ་དང་། རྒྱལ་སར་ཕྱུང་བ་དང་། བསྟན་པ་སྤེལ་བ་དང་། ཁབ་བཞེས་པ་དང་། སྲས་སྤྲུལ་བ་དང་། འགྲོ་བ་དྲངས་བ་དང་། བདུད་བདུལ་བ་དང་། བསྟན་པ་རྗེས་སུ་བཞག་པ་དང་། ཁྱིམ་སྤངས་རབ་ཏུ་བྱུང་བ་དང་། འཁོར་སྤངས་དགོན་པ་མཛད་པ་དང་། མི་རྟག་མྱ་ངན་ལས་འདས་པ་དང་། གདུང་ཚོབ་ཆེན་པོ་བྱོན་པའི་དུས་དེ་རྣམས་ཀུན་ཏུ་ཡང་། ལྷ་ཡི་དབང་པོ་བརྒྱ་བྱིན་དང་། ཚངས་པ་དང་། མ་ཧ་དེ་བ་ལས་སོགས་ལྷའི་དམག་ཚོགས་བྱེ་བ་དུང་ཕྱུར་ལས་བཅས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དུས་ཀྱི་མཆོད་པ་འབུལ་བར་བྱེད་དོ། །གཞན་ཡང་ལྷ་མ་ཡིན་དང་། དྲི་ཟ་དང་། ལྟོ་ཕྱེ་དང་། གྲུལ་བུམ་དང་། ནམ་མཁའ་ལྡིང་དང་། ཤ་ཟ་དང་། སྲུལ་པོ་དང་། ལུས་སྲུལ་པོ་དང་། གཤིན་རྗེ་དང་། མེ་ལྷ་དང་། ཆུ་ལྷ་དང་། རླུང་ལྷ་དང་། གནོད་སྦྱིན་དང་། བདེན་བྲལ་དང་། ཀླུ་དང་། གཉན་དང་། ས་བདག་དང་། བདུད་དང་། རྒྱལ་པོ་དང་། བཙན་དང་། དམུ་དང་། མ་མོ་དང་། བརྟན་མ་དང་། སྐྱོང་མ་དང་། སྨྲ་མི་དང་། མིའམ་ཅི་ལས་སོགས་པའི་འཇིག་རྟེན་ཀུན་ཀྱང་རང་རང་གི་དམག་ཚོགས་བྱེ་བ་དུང་ཕྱུར་འཁོར་དང་བཅས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དུས་ཀྱི་མཆོད་པ་འབུལ་ལོ། །དུས་རྣམས་《ནམ་ཡང་》ཀྱང་དགའ་བར་གྱུར་ནས། དག་པའི་སྣང་བ་ཆེར་རྒྱས་ཏེ། སངས་རྒྱས་རྗེས་སུ་དྲན་པ་དང་། དགའ་བ་དང་། དགྱེས་པ་ལ་སྤྲོ་ཞིང་བོན་ལ་སྤྱོད་དོ། །ཞེས་དང་། རྒྱུ་འབྲས་རྣམ་པར་འབྱེད་པའི་མདོ་ཤོག་གྲངས༢༦༢ལས། སངས་རྒྱས་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱིས། དེ་དག་ལ་ཀུན་གྱི་ངོ་མཚར་གྱི་ལྟད་མོ་འདི་ལྟ་བུ་སྟེ། ཐམས་ཅད་ཀུན་ལ་ཤ་ཡི་མིག་རྣམ་པར་དག་པ་སྐད་ཅིག་ལ་ཤར་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་ནས། འགྲོ་བ་རིགས་དྲུག་གི་སེམས་ཅན་རིག་པར་གནས་པའི་དམྱལ་བའི་ཞིང་ཁམས་དང་། གྲོང་ཁྱེར་དང་། ལས་སྤྱོད་རྣམས་ཀྱང་མ་བསྒྲིབས་པར་ལས་སྤྱོད་ཀུན་སྒྲིབ་མེད་ས་ལེར་གཟིགས་པར་གསུངས་སོ། །གཞན་ཡང་དག་པའི་སྣང་བ་ལ། རང་རང་མདུན་གྱི་ནམ་མཁའ་ལ། གཞའ་ཚོན་སྣ་ལྔ་ལས་གྲུབ་པའི་ཞིང་ཁམས་ཚད་ཀྱིས་མི་ཟིན་ཞིང་གཞལ་གྱིས་མི་ལོང་བ་སོགས་འཆར་བར་གསུངས་འདུག་པས། དུས་ཁྱད་པར་ཅན་དེ་དག་ལ་བདེར་གཤེགས་ཐུགས་རྗེ་ཅན་གྱི་བྱིན་མཐུས་དག་དང་མ་དག་ཀུན་ཞིང་ཁམས་ས་ལེར་གཟིགས་པའི་དུས་ཡིན་པས་དེ་དག་གི་དུས་སུ་སྐྱེ་འཕགས་ཅི་རིགས་ཤ་ཡི་སྤྱན་ཅན། ཡེ་ཤེས་ཀྱི་སྤྱན་ཅན། མངོན་ཤེས་ཀྱི་སྤྱན་ཅན་རྣམས་ཀྱིས་འགྲོ་བའི་ལས་དང་སྤྱོད་པ་སྒྲིབ་མེད་ཝ་ལེར་མཐོང་ཞིང་བྱ་སྤྱོད་བཏགས་པའི་དུས་ཡིན་པས། དེའི་སྐབས་སྲོག་གཅོད་པ་དང་། མ་བྱིན་པ་ལེན་པ། མི་གཙང་བ་སྤྱོད་པ། རྫུན་སྨྲ་བ། ཚིག་རྩུབ་སོགས་མི་དགེ་བ་བཅུ་དང་། མྱོས་པའི་ཆུ་དང་། དུས་མ་ཡིན་པའི་ཁ་ཟས། སྡིག་པའི་གྲོགས་པོ། བཞོན་པ་དང་། རྒྱན་གོས་འདྲ་མིན་གྱོན་པ་སོགས་དེ་དག་གི་སྤྱན་ལམ་དུ་མི་མཛེས་པ་དང་། མི་ལེགས་པ་གཅིག་ཐལ་ན་གང་ཟག་བསམ་གྱིས་མི་ཁྱབ་པ་དེ་དག་ཚང་མའི་མིག་ལམ་དུ་རེ་རེ་འཆར། ཤར་བ་དེ་འཛིན་པའི་རྟོག་པ་སོ་སོའི་རྒྱུད་ལ་རེ་རེ་བསྐྱེད། དེ་སྐྱེས་དུས་སེམས་ལ་མི་བདེ་བ་དང་མི་བཟོད་པ་ཞེན་པ་ལོག་པ་ལྟ་བུའི་ཚོར་བ་སྡུག་བསྔལ་རེ་སྐྱེ། སྡུག་བསྔལ་དེས་ཁམས་གསུམ་དུ་འཁོར་བར་བྱེད་པས་སྡིག་པ་ཆེ་ཞེས་བྱའོ། །ཡང་ཉ་སྟོང་སོགས་དུས་ཆེན་རྣམས་ལ་དགེ་བ་བྱས་ན་འགྲོ་བ་དེ་རྣམས་ཀྱི་སེམས་ལ་དེ་བཞིན་དགེ་བ་དྲན། དགེ་བ་དྲན་པས་དགེ་བའི་ཕན་ཡོན་དྲན། ཕན་ཡོན་དྲན་པ་ལ་བརྟེན་ནས་དགེ་བ་སྒྲུབ། དེ་བསྒྲུབས་པས་མཐར་ཁམས་གསུམ་འཁོར་བ་ལས་ཐར་བར་བྱེད་པས་ན་དགེ་བ་ཆེ་ཞེས་ཟེར་དགོས་སྙམ། ལྷག་པར་དུ་རྫོགས་པའི་སངས་རྒྱས་སྐུ་འཁྲུངས་འདས་ཀྱི་དུས་དང་། རྗེས་འཇུག་གཡུང་དྲུང་སེམས་དཔའ་སྐུ་འཁྲུངས་འདས་ཀྱི་དུས། འགྲོ་དོན་མཛད་པའི་དུས་དང་། དེ་དག་གི་འཁོར་སངས་རྒྱས་སེམས་དཔའ་རྣམས་དང་། འཁྲུངས་འདས་ཀྱི་སངས་རྒྱས་སེམས་དཔའི་མཁྱེན་པའི་ཡེ་ཤེས་གཅིག་གིས་འགྲོ་བ་གང་དག་གིས་དུས་གསུམ་གྱི་ལས་གང་བྱས་མ་བསྒྲིབས་པར་གཟིགས་པའི་དུས་ཚོད་ལགས་པས། མཆོག་དམན་གྱི་སྐྱེ་བོ་ཚང་མས་ལུས་ངག་ཡིད་གསུམ་གྱི་དགེ་སྔིག་སྤང་བླང་གི་གནད་རྣམས། དྲན་པ་དང་ཤེས་བཞིན་གྱིས་ཟིན་པར་བྱེད་ཅིང་ཤིན་ཏུ་ཟབ་ཅིང་བརླིང་པའི་གཡུང་དྲུང་གི་བོན་ལ་རྟོགས་ཤིག་སྤྱོད་ཅིག ལྟ་བ་ཡས་ནས་མར་ཕུབ་ཅིག སྤྱོད་པ་མས་ཡར་འཛེགས་ཤིག གཞི་སྙིང་རྗེ་ཆེན་པོ་ལ་ལོངས་ཤིག ཐབས་ཕ་རོལ་ཕྱིན་པ་བཅུ་ལ་སྤྱོད་ཅིག ཅེས་པའི་བདེ་བར་གཤེགས་པའི་བཀའ་ལུང་ཟབ་མོའི་དོན་ལྷ་སྒྲུང་ལྟ་བུར་མ་སོང་བར་རང་གི་རྒྱུད་ཐོག་ལ་ཉམས་སུ་ལེན་ནས་གོ་ཤིང་རྟོགས་པར་བྱེད་ཅིང་ཁ་ལ་ཉོན་ཅིག་ཅེས་སྐབས་ཀྱི་བཤད་བྱ་འདི་ནི་ས་བཅད་བཞི་ཡི་སྒོ་ནས་གླེང་ཁུལ་བྱས་ཀྱང་རྩོམ་ལ་ཉམས་མྱོང་གི་ཆ་རྒྱུས་མེད་པའི་ལས་དང་པོ་བར་སོང་སྟབས་ནོར་འཁྲུལ་མི་ཉུང་བ་ཞིག་ཡོད་སྲིད་པས་མཁྱེན་ལྡན་རྣམ་པས་ཐུགས་གཡོ་བ་མེད་པའི་ངང་ནས་མདུན་ལམ་སྟོན་རོགས་ཞེས་རེ་སྐུལ་དང་བཅས་རེ་ཞིག་མཇུག་རྫོགས་པར་བྱས་སོ། ། སྨྲས་པ།

སྐལ་བཟང་སངས་རྒྱས་སྟོང་གི་གཙོར་གྱུར་བའི། ། དམུ་རྒྱལ་སྲས་དང་དུས་གསུམ་སྟོན་པ་ཡིས། ། བཅུ་གཉིས་མཛད་པས་འགྲོ་ཁམས་དབང་བསྒྱུར་བའི། ། དུས་འདིར་དགེ་སྡིག་འགྱུར་ཁྱད་ཤིན་ཏུ་ཆེ། །

བདག་ནི་མི་ཤེས་མུན་ཚོགས་ཤིན་ཏུ་མཐུག །
རྣམ་དཔྱོད་ཤེས་རིག་སྒྲོན་མེའི་འོད་མདངས་ཉམས། །
གཞུང་ཆེན་འགྲུས་པའི་བརྩོན་པ་ཤིན་ཏུ་ངལ། །
དེ་ལྟའི་གྱི་ན་བདག་གིས་ཅི་ཞིག་སྨྲ། །

ཚུལ་འདི་བྱ་སླའི་དོན་ཆུང་མཐོང་སྲིད་ཀྱང་། །
དོན་ཆེན་རྒྱལ་འཕགས་བཀའ་ལུང་ཟབ་མོའི་ཚིག །
གང་བྱུང་རྣམ་རྟོག་སྤྲོས་པས་མ་བསླད་པར། །
བྲིས་འདི་བསླུ་མེད་ཀུན་གྱིས་དམ་པར་ཟུངས། ། ། །