ཚུལ་ཁྲིམས་རབ་བརྟན། 《ཐེག་འགྲེལ་འཛིན་གྲྭ》

མཚན་མེད་སྤྲོས་བྲལ་བོན་སྐུའི་ལྷ་ལམ་ནས། །  
འགག་མེད་འོད་གསལ་གཤེན་ལྷའི་རང་ཞལ་ངོམ། །
གཉིས་མེད་རང་རྩལ་གང་འདུལ་སྤྲུལ་པའི་སྐུ། །
ཟླ་མེད་སྟོན་པ་མཆོག་དེར་བསྟོད་ཕྱག་འཚལ། །

རབ་དཀར་བཞིན་རས་ལྟ་སྡུག་མདངས་ཀྱིས་མཛེས། །
སྒྲིབ་མེད་ཐུགས་ལ་མཁྱེན་བརྩེའི་འོད་སྟོང་འབར། །
སྙན་འགྱུར་ངག་གི་དཔལ་སྟེར་མཚོ་བྱུང་མས། །
རྣམ་དཔྱོད་བཟང་པོའི་བློ་གྲོས་བདག་ལ་སྩོལ། །

ཐུབ་བསྟན་བོད་དར་རྣལ་མ་མཁྱེན་མཁན་ལ། ། 
རྣམ་བཞག་འདི་ཡིན་བཤད་པར་མི་འོས་ཀྱང༌། །
ཕྱོགས་ལྷུང་འདམ་གྱིས་སྦགས་པའི་མཁས་རློམ་རྣམས། །
དྲང་བདེན་ལོ་རྒྱུས་གསལ་བཤད་འདི་ལ་ཉོན། །

 

cool

འཛམ་གླིང་ས་ཡི་ཐིག་ལེ་གངས་ཅན་བོད་ཀྱི་རྒྱལ་ཁབ་འདིར་དར་བའི་སྲིད་པ་གཡུང་དྲུང་གི་བོན་རིན་པོ་ཆེ་འདི་ནི་མི་ལོ་གཅིག་ཁྲི་བརྒྱད་སྟོང་ལས་ལྷག་པའི་ལོ་རྒྱུས་དང་ལྡན་པར་མ་ཟད། འོ་ཅག་གངས་ཅན་པ་ཡོངས་ཀྱི་ཤེས་རིག་གི་གཞི་རྩ། རྒྱལ་རབས་ཀྱི་འབྱུང་ཁུངས། ཆོས་ལུགས་ཀྱི་ཕུགས་རྩ། བོད་མི་རིགས་རང་གི་ཁ་ཕོར་ལྟ་བུའི་གལ་ཆེའི་ཁྱད་ནོར་ཞིག་ཡིན་ཡང༌། ཁ་ཅིག་གིས་དེ་ལས་ལྡོག་སྟེ་རྒྱ་དཀར་ནག་གང་གི་ལམ་ལུགས་ཀྱིས་ལྷད་མ་ཞུགས་པའི་བོད་རང་ས་ནས་བྱུང་བའི་བོད་རང་ཡུལ་གྱི་ཕ་ཆོས་སམ་བོན་ཆོས་འདི་ལ་མཐོང་ཆུང་དང་སྨ་འབེབ་ལོག་སྨྲ་ཅི་རིགས་སུ་བྱས་ཏེ་ཕྱི་རོལ་མུ་སྟེགས་པའི་ལུགས་སྲོལ་ལྟ་བུ་ཞིག་ལ་ངོས་བཟུང་སྟེ། བོད་རང་གི་ཆོས་དང་རིགས་གཞུང་ཤེས་རིག་ཡོད་དོ་ཅོག་ཐམས་ཅད་རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱི་རིག་གཞུང་ལ་ཁུངས་གཏུགས་ཅི་ཐུབ་བྱས་པ་ནི་ཧ་ཅང་མ་རུང་བའི་གནས་སོ། །དེར་མ་ཟད་རྒྱ་གར་ནང་ཆོས་ཀྱི་རིང་ལུགས་འཛིན་པ་རྣམས་ཀྱིས་ནམ་རྒྱུན་བསམ་བློ་གཏོང་ཕྱོགས་ནི། རྒྱལ་སྲོང་བཙན་སྒམ་པོའི་གོང་དུ་རྒྱལ་རབས་སུམ་ཅུ་སོ་གཉིས་ཀྱི་རིང་བོད་ཡུལ་མུན་ནག་གི་ཡུལ་ཡིན་པ་དང་ཀླ་ཀློའི་ཡུལ་ཡིན་པ་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། རྒྱུ་མཚན་གང་ཡིན་ཞེ་ན། རྒྱལ་པོ་སྲོང་བཙན་སྒམ་པོ་དང་ཁྲི་སྲོང་ལྡེ་བཙན་སོགས་ཀྱི་སྐབས་དེར་ཆོས་ལ་ཕྱོགས་པའི་རྒྱལ་པོ་དང་བཙུན་མོ་བློན་པོ་དག་གིས་ཐུབ་པའི་བསྟན་པ་བོད་དུ་དར་ནས་བོད་འདིར་ཆོས་དང་རིག་གནས་སོགས་སྔར་ལས་ལྷག་པ་ཡར་ཟླ་ལྟར་འཕེལ་ཡོད་ཅེས། དྲིལ་བསྒྲགས་ཆེན་པོ་བྱས་པར་བརྟེན་དེ་རྗེས་ཆོས་ཕྱོགས་ཀྱི་ལོ་རྒྱུས་མཁན་དང་ཆོས་ཀྱི་རྒྱུད་འཛིན་པ་རྣམས་ཀྱི་བསམ་བློའི་འཁོར་ཕྱོགས་དེ་ལྟ་བུར་ཆགས་ཡོད། ལོ་རྒྱུས་ཀྱི་ཡིག་ཐོག་ཏུའང་བོད་ཡུལ་མུན་ནག་གི་ཡུལ་ཡིན་པ་དང་ཀླ་ཀློའི་ལུང་པ་ཡིན་པ་སོགས་རྒྱ་ཆེར་བཀོད་ནས་ཕྱིས་འབྱུང་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་ཆེན་པོ་བྱས་ཡོད། འོན་ཀྱང་འདས་པའི་ལོ་རབས་ཀྱི་ནང་དུ་ལོ་རྒྱུས་ཀྱི་གནས་སྟངས་དེ་འདྲ་ཞིག་ཆགས་ཀྱང་ཁ་རྩང་དེ་རིང་གི་དུས་འདིར་གཡུང་དྲུང་བོན་གྱི་ཆོས་རིག་ལ་བཅིངས་གྲོལ་ཐོབ་པར་མ་ཟད། ཉེར་གཅིག་པའི་དུས་རབས་བཟང་པོ་འགོ་ཚུགས་ནས་ཚན་རྩལ་གྱི་འོད་སྣང་འཛམ་གླིང་ལ་ཁྱབ་ཅིང་གཟུར་གནས་ཀྱི་མཁས་དབང་ནམ་མཁའི་སྐར་ཚོགས་ཀྱི་གྲངས་ལ་མཉམ་ཞིང་ཤར་ནུབ་ཀྱི་རྒྱལ་ཁབ་གང་ས་ནས་གནའ་དེང་གི་ཤེས་བྱ་ལ་ཞིབ་འཇུག་བྱེད་མཁན་ནི་ཉིན་རེ་ནས་ཉིན་རེ་ལ་འཕེལ་བཞིན་པའི་དུས་སྐབས་འདིར་བོད་ཀྱི་ཤེས་རིག་གི་ཁུངས་ཡོད་དོ་ཅོག་རྒྱ་གར་ལ་ཐུག་ཚུལ་དང་། ལྟ་བ་བཀའ་རྟགས་ཀྱི་ཕྱག་བརྒྱ་བཞི་ཁས་ལེན་ཞིང་མཆོག་གསུམ་སྐྱབས་གནས་སུ་འཛིན་པའི་གཡུང་དྲུང་བོན་ནང་པའི་ཆོས་་མ་རེད་ཅེས་བཤད་མཁན་དག་ནི་བླུན་རྨོངས་ཐོས་ཆུང་ཅན་དུ་ངོས་འཛིན་པའོ། །

གདོང་སྤགས་ལྕགས་ལས་སྲ་བའི་བོད་རིགས་འགས། །
འཛམ་གླིང་ཉི་མ་ཤར་ཡང་ལག་པས་བཏུམས། །
བདེན་པའི་ལོ་རྒྱུས་རྫུན་མའི་གོས་ཀྱིས་གཡོགས། །
མཆོག་གསུམ་སྐྱབས་གནས་འཛིན་ཡང་ནང་གྲལ་ཕུད། །

བོད་པའི་ལ་རྒྱ་ཡོད་ཟེར་བོན་ལ་སྡང༌། །
བྱམས་དང་སྙིང་རྗེ་དགོས་ཟེར་གཞན་སེམས་དཀྲུག །
ཁ་ནས་བཤད་ཚད་ཁོག་དང་རྒྱབ་འགལ་འདི། །
ཁ་ལ་ཆུ་བཟུང་མེ་ལ་ཕུ་་བཏབ་འདྲ། །

མི་རིགས་བླ་སྲོག་སྐད་ཡིག་རིག་གཞུང་དག །
མི་མཐུན་རྒྱལ་ཁབ་གཞན་གྱི་ཞབས་ལ་གཏུགས། །
མི་རིགས་རང་གི་རིགས་གཞུང་རང་བརླགས་པའི། །
སྤྲེལ་ཕྲུག་མཇུག་ཆད་གདོང་དམར་པ་འདི་སྐྱོ། །

གངས་རིའི་ལ་རྒྱ་འཛིན་པའི་བོད་ཕྲུག་ཚོ། །
སྙིང་ནས་བོད་ཀྱི་ཤེས་རིག་འཛིན་འདོད་ན། །
གངས་ལྗོངས་ཕ་ཆོས་བོན་གྱི་རིག་གནས་ལྔ། །
ཡལ་བར་མ་དོར་སྙིང་ལྟར་གཅེས་པར་མཛོད། །

ཅེས་པའི་བར་སྐབས་ཀྱི་ཚིགས་སུ་བཅད་པ་དང་བཅས་ཏེ།

ད་ལན་ཁོ་བོས་སྐབས་འདིར་བཤད་བྱ་གཙོ་བོ་ནི། རྒྱ་གར་གྱི་ནང་ཆོས་བོད་ལ་ཇི་ལྟར་དར་བའི་སྐོར་ཡིན་ཡང་། ཕྲན་ནི་རྣམ་དཔྱོད་ཀྱི་ཤེས་རབ་དམན་ཞིང་ལོ་རྒྱུས་ལ་མཐོང་རྒྱ་ཆུང་བ་དང་། སྙན་ངག་གི་སྒྱུ་རྩལ་ཞན་པ་སོགས་གང་ཐད་ནས་ལོ་རྒྱུས་འབྲི་བའི་ཆ་རྐྱེན་ཞན་ནའང་ལྷག་བསམ་རྣམ་དག་གིས་ཀུན་ནས་བསླངས་ཏེ་རྒྱ་གར་གྱི་ནང་ཆོས་བོད་ལ་ཇི་ལྟར་དར་བའི་སྐོར་ཞེས་པའི་རྩོམ་ཞིག་འབྲི་བར་འདོད་པ་ནི། ཐོག་མའི་ཀུན་སློང་ངོ༌། །དེ་ཡང་རྒྱ་གར་གྱི་ནང་ཆོས་བོད་ལ་དར་ཚུལ་ནི་སྤུ་རྒྱལ་མི་དབང་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་སུ་དབུ་བརྙེས་ཚུལ་དང་། རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་དར་ཚུལ་གཉིས་སོ། །དང་པོ་སྤུ་རྒྱལ་ཉེར་བརྒྱད་པ་ལྷ་ཐོ་ཐོ་རུ་གཉན་བཙན་གྱི་དུས་སུ་དབུ་བརྙེས་ཚུལ་འདིའི་ཐད་ལ་བན་བོན་གྱི་རྒྱལ་རབས་དང་བསྟན་འབྱུང་ཁག་ཏུ་བཞེད་ཚུལ་མི་མཐུན་པ་དུ་མ་འདུག དར་རྒྱས་གསལ་སྒྲོན་དང་ས་སྐྱའི་རྒྱལ་རབས་གསལ་མེ་སོགས་ནས་ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་སུ་མདོ་སྡེ་ཟ་མ་ཏོག པང་ཀོང་ཕྱག་རྒྱ་པ། གསེར་གྱི་མཆོད་རྟེན་སོགས་གནམ་ནས་བབས་ཚུལ་བཤད་ཡོད། གཞན་ཡང་བོད་ཀྱི་རྒྱལ་རབས་འགའ་ནས་སྤྱི་ལོ་༤༣༣པའི་ཆུ་བྱ་ལོར་བལ་ཡུལ་ནས་པཎྜི་ཏ་བློ་སེམས་མཚོ་དང་ལོ་ཙ་བ་ཐི་ལེ་སེ་གཉིས་ཀྱིས་པང་ཀོང་ཕྱག་རྒྱ་པ་དང་། མདོ་སྡེ་ཟ་མ་ཏོག་སོགས་ཁྱེར་ནས་བོད་དུ་ཕེབས་ནས་བོད་ཀྱི་རྒྱལ་པོའི་ཕྱག་ཏུ་ཕུལ་ཀྱང་བོད་ཀྱི་རྒྱལ་པོས་ཚིག་དོན་ཧ་མ་གོ་བས་ལོ་པཎ་ཕྱིར་ལོག་ཚུལ་བཤད་ཡོད། མདོར་ན་བོད་ཀྱི་ལོ་རྒྱུས་འགའ་ནས་མདོ་སྡེ་ཟ་མ་ཏོག པང་ཀོང་ཕྱག་རྒྱ་པ། མ་ནིའི་བསྐོལ་ཕོར་སོགས་གནམ་ནས་བབས་ཚུལ་དང་། ཡང་ལོ་རྒྱུས་འགའ་ནས་བལ་ཡུལ་གྱི་ལོ་པཎ་གཉིས་ཀྱིས་རྒྱལ་པོ་ལ་ཕུལ་ཚུལ་སོགས་བན་བོན་གྱི་དེབ་ཐེར་ཁག་ལ་བཞེད་ཚུལ་མི་མཐུན་པ་དུ་མ་འདུག འོན་ཀྱང་བོད་ཀྱི་ལོ་རྒྱུས་ཕལ་ཆེར་ནས་བལ་ཡུལ་གྱི་ལོ་པཎ་གཉིས་ཀྱིས་རྒྱལ་པོ་ལ་ཕུལ་ཚུལ་བཤད་ཡོད། ལུང་རིག་གཉིས་ཀྱི་སྒོ་ནས་བརྟགས་ན་དེ་ལྟར་ཡིན་པ་གསལ་ཏེ་བསྟན་འབྱུང་རིག་པའི་ཤན་འབྱེད་ལས། ལ་ལས་གནམ་ནས་བབས་ཟེར། ལ་ལས་རླུང་གིས་ཁྱེར་ཟེར། དོན་དུ་པཎྜི་ཏ་བློ་སེམས་འཚོ་དང་ལོ་ཙ་བ་ལི་བོན་ཆོས་དགེ་གཉིས་ཀྱིས་ཁྱེར་ནས་ལྐོག་ཏུ་རྒྱལ་པོ་ལ་ཕུལ་ཞིང་མཚན་ཡང་གཉན་པོ་གསང་བ་གསོལ་ཞེས་གསལ་བ་ལ་བརྟགས་ན་པཎྜི་ཏ་བློ་སེམས་འཚོ་དང་ལོ་ཙ་བ་ལི་བོན་ཆོས་དགེ་གཉིས་ཀྱིས་བོད་ཡུལ་དུ་ཐུབ་བསྟན་སྤེལ་ཕྱིར་ལྐོག་ཏུ་རྒྱལ་པོ་ལ་གཉན་པོ་གསང་བ་ཕུལ་ཀྱང་རྒྱལ་པོས་ཐུགས་སྣང་དེ་ཙམ་མ་བྱས་ནས་མཐར་ལོ་པཎ་གཉིས་ཕྱིར་ལོག་པའམ། ཡང་ན་ཁོ་རང་གཉིས་བོད་ཡུལ་ལ་གསེར་འཚོལ་དུ་ཡོང་བ་གང་རུང་ཞིག་ཡིན་པར་ཕལ་ཆེར་ཐག་ཆོད་དེ། སྔོན་རྒྱ་བལ་མི་རྣམས་བོད་ཡུལ་ལ་གསེར་འཚོལ་དུ་བྱོན་པའི་ལོ་རྒྱུས་ཀྱང་མང་དུ་འདུག་གོ །དེར་བརྟེན་བལ་ཡུལ་གྱི་ལོ་པཎ་གཉིས་ཀྱིས་གསེར་ཐོབ་པའི་ཆེད་རྒྱལ་པོ་ལ་ལྐོག་ཏུ་ཆོས་ཕུལ་བ་ཡིན་པར་སྙམ་འོན་ཀྱང་དཔྱད་པར་བྱའོ། །རྒྱལ་འདི་ཡི་དུས་སུ་བོད་ཡུལ་དུ་ཐུབ་བསྟན་དབུ་བརྙེས་པ་ནི་བན་བོན་གྱི་རྒྱལ་རབས་ཁག་ལ་བཞེད་ཚུལ་གཅིག་མཐུན་རེད་འདུག འདི་ཡན་ཆོས་ཀྱི་དབུ་བརྙེས་ཚུལ་རགས་རིམ་ཙམ་བསྟན་པ་ཡིན་ནོ། །

གཉིས་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་རྒྱ་གར་གྱི་ནང་ཆོས་བོད་དུ་དར་ཚུལ་ནི་ཆོས་ཕྱོགས་ཀྱི་བཞེད་སྟངས་ལྟར་ན་བོད་ཡུལ་ནི་སྤྱན་རས་གཟིགས་ཀྱི་འདུལ་ཞིང་། སྲོང་བཙན་ནི་དེ་ཡི་རྣམ་སྤྲུལ་ཞིག་དུ་ངོས་འཛིན་གྱི་ཡོད། འདི་ཡི་སྐོར་ལ་ཅུང་ཟད་ཞུས་ན་འདི་ལྟར་སྤྱན་རས་གཟིགས་ཀྱི་སྤྱན་གཡས་པ་ནས་འོད་ཟེར་གཅིག་འཕྲོས་པས་བལ་པོའི་ཡུལ་དུ་སོང་ནས་བལ་པོའི་ཡུལ་ཐམས་ཅད་འོད་ཟེར་གྱིས་ཁྱབ་སླར་འོད་ཟེར་རྣམས་ཚུལ་འདུས་ནས་བལ་རྗེའི་བཙུན་མོའི་ལྷུམས་སུ་ཞུགས་མཐར་བལ་བཟའ་འཁྲུངས་པ་དང་། སྤྱན་རས་གཟིགས་ཀྱི་སྤྱན་གཡོན་པ་ནས་འོད་ཟེར་ཞིག་འཕྲོས་པས་རྒྱ་བཟའ་འཁྲུངས་པ་དང༌། དེ་བཞིན་དུ་སྤྱན་རས་གཟིགས་ཀྱི་ཐུགས་ཀ་ནས་འོད་ཟེར་གཅིག་འཕྲོས་པས་རྒྱལ་པོ་སྲོང་བཙན་སྒམ་པོ་འཁྲུངས་ནས་མཐའ་འཁོབ་ཁ་བ་ཅན་གྱི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་ཐོག་མར་སྤེལ་ནས་བོད་འབངས་བདེ་ལ་བཀོད་ཚུལ་ནི། རྒྱལ་རབས་གསལ་བའི་མེ་ལོང་སོགས་ལས་བཤད། འོན་ཀྱང་ཕྱིས་སུ་ཆོས་ཕྱོགས་ཀྱི་ལོ་རྒྱུས་མཁན་དག་གིས་ཆོས་ལུགས་ཀྱི་དད་ཞེན་དབང་གིས་རང་ཆོས་ལ་བཀའ་དྲིན་ཅན་གྱི་རྒྱལ་བློན་དང་བཙུན་མོ་དག་ལ་བསྔགས་བརྗོད་དང་ཆེ་བསྟོད་བྱས་པ་ལས་བོད་ཀྱི་ལོ་རྒྱུས་དངོས་གནས་ཞིག་ནི་མིན་ཏེ། མཁས་དབང་བསམ་གཏན་རྒྱལ་མཚན་ལགས་ཀྱིས་བོད་ཀྱི་ལོ་རྒྱུས་མཁན་ཚང་མ་སངས་རྒྱས་ཆོས་ལུགས་ཀྱི་རྗེས་འཇུག་ཤ་སྟག་ཏུ་སོང་སྟབས་རྩོམ་པ་པོའི་མཐོང་སྣང་གཙོ་ཆེ་བ་ནི་སངས་རྒྱས་ཆོས་ལུགས་ཀྱི་ཆེ་བ་དང་། དེ་ཡི་སྦྱིན་བདག་བྱེད་མཁན་གྱི་རྒྱལ་བློན་སོ་སོའི་ཆོས་སྤྱོད་ཚུལ་གྱི་གཟི་བརྗིད་ཙམ་ལས་དུས་སྐབས་ཀྱི་རྒྱལ་རབས་ལོ་རྒྱུས་དངོས་གནས་དང་། དེ་སྐབས་དེ་ཡི་སྤྱི་ཚོགས་ཀྱི་ལོ་རྒྱུས་སྐོར་ཕལ་ཆེར་རྩ་བ་ནས་བྲིས་མེད་པ་རེད། ཅེས་གསུངས་པ་ནི་དོན་ལ་གནས་སོ། །དེ་ཡང་རྒྱལ་སྲོང་བཙན་སྒམ་པོ་འཁྲུངས་ལོ་བན་བོན་གྱི་རྒྱལ་རབས་ཕལ་ཆེར་ནས་སྤྱི་ལོ་༦༡༧མེ་གླང་ལོ་ཡིན་པ་ནི་བཞེད་ཚུལ་གཅིག་མཐུན་ཡིན། ཁོང་སྐུ་ན་ཆུང་ཞིང་དགུང་ལོ་བཅུ་གསུམ་ལ་མ་བསླེབས་པའི་གོང་དེར་ཡབ་གནམ་རི་སྲོང་བཙན་དགྲ་གཉེན་ལག་སྦྲེལ་གྱིས་དུག་དྲངས་ནས་སྤྱི་ ལོ༦༢༩པའི་ས་གླང་ལོར་རྒྱལ་པོ་གནམ་རི་སྲོང་བཙན་བཀྲོངས་སོ། །དེར་བོད་བཙན་པོའི་སྲིད་དབང་ཐོར་ཞིག་ཏུ་འགྲོ་བའི་ཉེན་ཁ་ཆེ་བའི་སྐབས་དེར་བློན་ཆེན་ཁྱུང་པོ་སྤུང་སད་ཟུར་རྩེ། དབའ་དབྱི་ཚབ། མགར་སྟོང་བཙན་བཅས་ཀྱིས་ཞབས་ནས་བཏེགས་ཏེ་རྒྱལ་པོ་ཁོང་བོད་བཙན་པོའི་ཁྲི་ལ་མངའ་གསོལ་ནས་བོད་ཀྱི་རྒྱལ་པོའི་འགན་བཞེས། རྒྱལ་པོ་ཁོང་སྐུ་ཡི་ན་ཚོད་ཆུང་ཡང་དཔའ་འཛངས་རྟུལ་ཕོད་དང་ལྡན་པའི་སྐྱེས་བུ་ཞིག་ཡིན་པས་སྔར་ཡབ་གནམ་རི་སྲོང་བཙན་དུག་དྲངས་ནས་སྐུ་འགྲོང་མཁན་གྱི་དགྲ་བོ་དག་ཁྲིམས་ལ་སྦྱར་ནས་གཙང་དག་བཟོས། དེ་ནས་དྭགས་པོ་དང་ཀོང་པོ་སུམ་པ་བཅས་ཀྱི་རྒྱལ་ཕྲན་རྣམས་རིམ་བཞིན་བོད་བཙན་པོའི་མངའ་འོག་ཏུ་བསྡུས་སོ། །དེ་རྗེས་བོད་དང་ས་ཐག་ཉེ་བའི་སྟོབས་འབྱོར་ཅན་གྱི་རྒྱལ་ཁབ་ཞང་ཞུང་དང་། བལ་པོ། རྒྱ་ནག་བཅས་ལ་ཐོག་མར་ཞི་བའི་ཐབས་ཀྱིས་ཉེ་འབྲེལ་བྱས་ནས་མཐར་ཞང་ཞུང་དང་བལ་པོ་རྒྱ་ནག་བཅས་ནི་བོད་བཙན་པོའི་མངའ་འོག་ཏུ་བསྡུ་བའི་འཆར་གཞི་ཞིག་བཏིངས་པ་ཡིན་པར་སྙམ། ཞང་ཞུང་དང་བལ་པོ་རྒྱ་ནག་བཅས་ནས་བོད་ཀྱི་བཙུན་མོ་བསུ་སྐབས་ཞོར་དུ་ཞང་ཞུང་ནས་བོན་ཆོས་དང་། བལ་ཡུལ་དང་རྒྱ་ནག་བཅས་ནས་ཐུབ་བསྟན་བྱུང་པ་ཡིན། དེ་ཡང་སོ་སོའི་དོན་ལ་གསུམ་སྟེ། དང་པོ་དར་རྒྱས་གསལ་སྒྲོན་ལས། ཞང་ཞུང་གི་ཡུལ་ནས་ཞང་ཞུང་ཟ་ལིག་ཏིང་སྨན་ཞེས་པ་བླངས་པས་ཞང་ཞུང་གི་ལྷ་གཤེན་རབ་བསྟན་པའི་གཙོ་བོ་དགུང་ལོ་བརྒྱད་ཀྱི་སྐུ་ཚད་གདན་དྲངས་ནས་ཐེམ་ཆེན་ལྷ་ཁང་བཞེངས་སོ་ཞེས་གསུངས། ལོ་རྒྱུས་འགའ་ནས་ཐིམ་བུ་ལྐོག་གི་ལྷ་ཁང་ཟེར་ཡང་དོན་གཅིག་གོ །

ལྷ་ཁང་དེ་ནི་སྔོན་ཁྲི་སྲོང་ལྡེ་བཙན་གྱིས་བོན་སྣུབ་སྐབས་ཐོར་ཞིག་ཏུ་སོང་བར་གྲགས། སྐབས་དེར་བོད་ཡུལ་དུ་བོན་ཆོས་མེད་ནས་ཞང་ཞུང་གི་ཡུལ་ནས་བོན་ཆོས་གདན་དྲངས་པ་མ་ཡིན། འོན་ཀྱང་ཞང་ཞུང་བཟའ་བོད་བཙན་པོའི་བཙུན་མོར་བསུ་སྐབས་དམིགས་བསལ་དུ་ཁོང་གི་དད་རྟེན་འགའ་ཞིག་གདན་དྲངས་པ་ཡིན་གཞན་ལའང་དེ་བཞིན་དུ་ཤེས་དགོས་རྒྱས་པར་འོག་ཏུ་འཆད་དོ། །གཉིས་པ་བལ་ཡུལ་ནས་ཐུབ་བསྟན་དར་ཚུལ་ནི་ཆོས་ཕྱོགས་ཀྱི་ལོ་རྒྱུས་འགའ་དང་། རྒྱལ་རབས་གསལ་མེ་བཅས་ནས་ལོ་རྒྱུས་དང་གཏམ་རྒྱུད་འདྲེས་མ་མང་དུ་བཤད་ཀྱང་ཁོ་བོས་འདིར་འབྲི་བའི་ངལ་བ་མ་བྱས། དར་རྒྱས་གསལ་སྒྲོན་ལས། བལ་ཡུལ་ནས་བལ་བཟའ་ཁྲི་བཙུན་བླངས་པས་བལ་པོའི་ལྷ་དངུལ་གྱི་བྱམས་པ་འཁོར་ལོ་གདན་དྲངས་ནས་ར་ས་ལྷ་ཁང་བཞེངས་ཞེས་གསུངས། སྐབས་དེར་བལ་མོ་བོད་དུ་བསུ་མཁན་ནི་བློན་ཆེན་མགར་སྟོང་བཙན་སོགས་བློན་འཁོར་རྟ་པ་བརྒྱ་བལ་ཡུལ་དུ་ཆས། བལ་རྗེའི་དྲུང་དུ་འབྱོར་ནས་བལ་རྗེ་ལ་རིན་ཐང་གཞལ་དཀའ་བའི་དངོས་རྫས་འགའ་ཕུལ་ནས་བོད་ཀྱི་བློན་ཆེན་མགར་སྟོང་བཙན་གྱིས་བལ་རྗེའི་སྙན་དུ་བལ་བཟའ་བོད་བཙན་པོའི་བཙུན་མོར་སྟེར་དགོས་ཞེས་ཞུས་ཀྱང་བལ་རྗེས་བུ་མོ་སྟེར་མི་འདོད་པའི་ལན་འགའ་གསུངས། འོན་ཀྱང་མཐར་བོད་བཙན་པོའི་དམག་ཤུགས་དང་གང་ཐད་ནས་འགྲན་ཟླ་བྲལ་བས་བལ་བཟའ་བོད་ཀྱི་རྒྱལ་པོའི་བཙུན་མོར་བསུས་པ་ཡིན། གོང་དུ་ཞུས་པ་ལྟར་སྐབས་དེར་བལ་བཟའི་ལྷན་དུ་མོ་ཡི་དད་རྟེན་དུ་ཇོ་བོ་མི་བསྐྱོད་རྡོ་རྗེ་དང་། ཐུབ་པའི་རྒྱལ་ཚབ་བྱམས་པ་མགོན་པོའི་སྣང་བརྙན་བཅས་བོད་དུ་བསྣམས་པ་ཡིན། ­ དེ་རྗེས་བལ་བཟའ་ཁྲི་བཙུན་གྱིས་བོད་དུ་ལྷ་ཁང་ཞིག་བཞེང་དགོས་སྙམ་ནས་རྒྱལ་པོ་ལ་ས་གནང་བར་ཞུས་པས་རྒྱལ་པོས་ས་གནང་སྟེ། བོད་འབངས་རྣམས་ལས་ལ་བསྐུལ་ཞིང་བལ་བཟའ་ཁྲི་བཙུན་མོ་རང་གིས་གཙོ་གཉེར་བྱས་ནས་བལ་པོའི་ཡུལ་ནས་ལས་བཟོ་བ་མང་པོ་གདན་དྲངས་ཏེ་ར་ས་ལྷ་ཁང་བཞེངས་པ་ཡིན། མཐར་བོད་ཀྱི་རྒྱལ་པོ་དང་བློན་པོ་འགའ་བལ་བཟས་དབང་བསྒྱུར་བྱས་ནས་ཆོས་ལ་ཕྱོགས་ཤིང་ཆོས་སྤྱོད་པ་ཡིན། ཁོ་ན་རེ་བོད་ལ་ནང་ཆོས་ཡོད་ན་སྲོང་བཙན་གྱིས་རྒྱ་གར་ནང་ཆོས་སྤྱོད་དགོས་དོན་ཅི་ཟེར་ན། དེ་ནི་དེང་དུས་སུ་ཡང་དབང་བུད་མེད་ལ་ཤོར་བའི་ཁྱོ་ག་མང་པོ་ཞིག་བུད་མེད་དེས་ཁྱོ་ག་རང་གི་ཆོས་ལུགས་ལ་བསྒྱུར་བ་བཞིན་དུ་རྒྱལ་པོ་ཡང་དབང་མེད་དུ་བཙུན་མོས་བན་དེར་བསྒྱུར་བ་འདྲ། མཐར་བལ་པོ་བོད་ཀྱི་མངའ་འོག་ཏུ་ཆུད་ནས་ཡུན་རིང་པོ་ཞིག་ལ་གནས་པ་ནི་རྒྱལ་རབས་དེབ་ཐེར་དཀར་པོ་སོགས་ནས་བཤད་དོ།­­ །

གསུམ་པ་རྒྱ་བཟའི་ལྷན་དུ་རྒྱ་ནག་ནས་ཐུབ་བསྟན་དར་ཚུལ་འདི་ཡི་སྐོར་ལ་བཤད་ཚུལ་མི་མཐུན་པ་དུ་མ་ཡོད། རྒྱལ་རབས་གསལ་བའི་མེ་ལོང་ལས། དེར་རྒྱ་གར་ཆོས་ཀྱི་རྒྱལ་པོའི་བློན་པོ་རྟ་པ་བརྒྱ། རྟག་གཟིགས་ནོར་གྱི་རྒྱལ་པོའི་བློན་པོ་རྟ་པ་བརྒྱ། བྷ་ཏ་ཧོར་གྱི་རྒྱལ་པོའི་བློན་པོ་རྟ་པ་བརྒྱ་བཅས་རྒྱ་ནག་ཏུ་ཀོང་ཇོ་བསུ་བར་བསླེབས་ཀྱང་བོད་ཀྱི་བློན་པོ་མགར་སྟོང་བཙན་གྱི་དྲན་འཕྲུལ་ལ་སུ་ཡིས་འགྲན་ཟླ་བྲལ་ནས་མཐར་ཀོང་ཇོ་བོད་དུ་མི་སྟེར་ཐབས་མེད་བྱུང་ཚུལ་བྱིས་པ་མགོ་སྐོར་གཏོང་བྱེད་ལྟ་བུའི་སྒྲུང་གཏམ་མང་དུ་བཤད་འདུག་པ་དེ་ནི་ཕྱིས་སུ་ལོ་རྒྱུས་མཁན་རྣམས་ཀྱིས་འཁྱོག་བཤད་ཅིག་ཡིན་པ་གསལ་པོར་མཐོང་གི་འདུག དར་རྒྱས་གསལ་སྒྲོན་ལས། རྒྱ་ཡུལ་ནས་རྒྱ་ཟ་ཀོང་ཇོ་བླངས་པས་རྒྱ་ནག་གི་ལྷ་གསེར་གྱི་ཐུབ་པ་《ཐུབ་སྐུ》 དགུང་ལོ་བརྒྱད་ཀྱི་སྐུ་ཚད་གདན་དྲངས་པས་ར་མོ་ཆེའི་ལྷ་ཁང་བཞེངས་སོ། །ཞེས་གསུངས། སྐབས་དེར་རྒྱ་བཟའ་ཀོང་ཇོའི་ལྷན་དུ་རྒྱ་ནག་ནས་ཐུབ་བསྟན་ཕྲན་པུ་ཞིག་རྒྱ་བཟའི་དད་རྟེན་དུ་བོད་ཡུལ་དུ་དར་བ་ཡིན། དེ་རྗེས་ཀོང་ཇོ་མོ་རང་གིས་གཙོ་གཉེར་བྱས་ཤིང་ལས་གྲྭ་རྒྱ་ཆེར་བཙུགས་ནས་དབྱིབས་དང་རྒྱ་ཕིབས་བཅས་རྒྱ་ཡི་ལུགས་ལྟར་བྱས། མིང་ཡང་རྒྱ་སྟག་ར་མོ་ཆེ་ཞེས་གསོལ་ནས་ར་མོ་ཆེ་ལྷ་ཁང་བཞེངས་སོ། །དེ་རྗེས་སྲོང་བཙན་གྱི་བཙུན་མོ་མེ་ཉག་རུ་གཡང་བཟས་བྲག་མགོ་ལྷ་ཁང་བཞེངས། མང་བཟའ་ཁྲི་ལྕམ་གྱིས་བྲག་ཡེར་བའི་ལྷ་ཁང་བཞེངས། མདོར་ན་བལ་བཟའ་དང་ཞང་བཟའ་རྒྱ་བཟའ་མེ་བཟའ་མང་བཟའ་བཅས་སྲོང་བཙན་སྒམ་པོའི་བཙུན་མོ་ལྔ་ཡིས་སོ་སོའི་ལྷ་ཁང་སོ་སོས་གཙོ་གཉེར་བྱས་ནས་བཞེངས་པར་གྲགས། ཁ་ཅིག་གིས་བོན་དང་ཆོས་གཉིས་ནང་པའི་ཆོས་ཡིན་པ་གཅིག་ཆགས་ཡོད་ན་རྒྱ་གར་ནས་སངས་རྒྱས་ཆོས་བོད་དུ་གདན་དྲངས་དགོས་དོན་མེད་པ་རེད་ཅེས་བཤད་པ་མི་འཐད་དེ། བོད་རང་ལ་ནང་ཆོས་མེད་ནས་རྒྱ་གར་གྱི་ནང་ཆོས་བོད་ལ་དར་ཁྱབ་བཏང་བ་ཞིག་མ་ཡིན། འོ་ན་ཇི་ལྟར་ཡིན་ཞེ་ན། གོང་དུ་ཞུས་པ་ལྟར་ཞང་ཞུང་དང་བལ་ཡུལ་རྒྱ་ནག་བཅས་ལ་བོད་བཙན་པོས་ཐོག་མར་ཞི་བའི་ཐབས་ཀྱིས་ཉེ་འབྲེལ་བྱས་ནས་ཞང་བཟའ་དང་བལ་བཟའ་རྒྱ་བཟའ་བཅས་སྲོང་བཙན་གྱི་བཙུན་མོར་བསུ་སྐབས་ཟུར་དུ་སོ་སོའི་དད་རྟེན་གྱི་ཆེད་དུ་ཆོས་ཕྲན་བུ་དེ་ཁྱེར་ཏེ། དེ་རྗེས་བཙུན་མོ་རང་རང་གིས་གཙོ་གཉེར་བྱས་ཤིང་ལྷ་ཁང་རྒྱ་ཆེན་བཞེངས་ནས་རིམ་པས་ཇེ་ཆེར་དར་བ་ཞིག་ཡིན་པར་ཤེས་དགོས། འོ་ན་ཁྱོད་ཀྱི་འདོད་པ་ལྟར་ན་སྐབས་དེར་བོད་ཡུལ་དུ་བོན་ཆོས་མེད་པ་ཐལ། ཞང་བཟའ་བསུ་སྐབས་ཞང་ཞུང་གི་ཡུལ་ནས་བོན་ཆོས་གདན་དྲངས་པའི་ཕྱིར། རྒྱུ་མཚན་མཚུངས་སོ། །དེར་མ་ཟད་སྐབས་དེར་ཕྱི་ཕྱོགས་ནས་གདན་དྲངས་པ་ཐམས་ཅད་བོད་ཡུལ་དུ་མེད་པ་ལྟ་བུའི་བསམ་བློ་ཞིག་བཏང་ན་མི་འཐད་དེ། བོད་ཡུལ་དུ་བུ་མོ་མེད་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། རྒྱ་བཟའ་དང་བལ་བཟའ་བཅས་བོད་ཡུལ་དུ་སླེབ་སྐབས་རང་རང་གི་ཆོས་ཀྱི་ལྟ་བ་མཁྲེགས་པོ་བྱུང་བ་མ་ཟད་རྒྱལ་པོ་དང་བློན་པོ་འགའ་ཆོས་ལ་བློ་ཁ་བསྒྱུར་ནས་མཐར་གངས་ཅན་གྱི་ཡུལ་དུ་ཆོས་རྒྱུད་འཛིན་མཁན་མང་དུ་ཕྱིན་ནས་ཐུབ་ཆོས་རྒྱ་ཆེར་དར་ཁྱབ་ཕྱིན་པ་ཡིན་ཏེ། བསྟན་འབྱུང་རིག་པའི་ཤན་འབྱེད་ལས། ལྷ་ཐོ་ཐོ་རི་སྙན་ཤལ་གྱི་རིང་ལ་ཆོས་ཀྱི་དབུ་བརྙེས། སྲོང་བཙན་སྒམ་པོའི་རིང་སྲོལ་བཏོད། ཁྲི་སྲོང་ལྡེ་བཙན་གྱིས་གཞུང་བསྲང༌། རལ་པ་ཅན་གྱིས་དར་ཞིང་རྒྱས་པར་མཛད་དོ། །ཞེས་གསུངས་པ་ལྟར་ཡིན་ནོ། །

སྨྲས་པ། བལ་བཟའ་ཁྲི་བཙུན་བོད་རྗེའི་ཆུང་མར་བླངས། །
ཐུབ་བསྟན་སྤེལ་ཕྱིར་བྱམས་མགོན་སྣང་བརྙན་སོགས། །
བལ་བཟའི་དད་རྟེན་བོད་ལ་གདན་འདྲེན་བྱས། །
གངས་རིའི་ལྗོངས་ལ་ཐུབ་ཆོས་ཐོག་མར་དར། །

བོད་ཀྱི་རིག་གནས་བོན་གྱི་གཞུང་ལས་བྱུང༌། །
བོད་ཀྱི་རིག་གཞུང་རང་གི་ཡུལ་ནས་བྱུང༌། །
རང་ས་ལས་བྱུང་རང་བསྟན་མདོ་སྔགས་སོགས། །
རང་ཅག་སྟོན་པས་རང་ཡུལ་སྤེལ་བ་ཡིན། །

ཤར་ཕྱོགས་རྒྱ་ནས་གསེར་གྱིས་ཉོས་པ་མིན། །
ལྷོ་ཕྱོགས་མོན་ནས་ལོ་ཙས་བསྒྱུར་བ་མིན། །
རང་རྐྱ་ཐུབ་པའི་རང་གི་རིག་གཞུང་དག །
རང་ཅག་སྟོན་པས་རང་ཡུལ་སྤེལ་བ་ཡིན། །

དཔྱད་གཞིའི་ཡིག་ཆ་ནི།

དར་རྒྱས་གསལ་སྒྲོན། རྩོམ་པ་པོ། སྤ་བསྟན་རྒྱལ་བཟང་པོ། འབེལ་གཏམ་ལུང་སྙིང་། རྩོམ་པ་པོ་སློབ་དཔོན་བསྟན་འཛིན་རྣམ་དག རྒྱལ་རབས་གསལ་བའི་མེ་ལོང༌། རྩོམ་པ་པོ། ས་སྐྱ་བསོད་ནམས་རྒྱལ་མཚན། པད་མ་ར་གའི་ལྡེ་མིག རྩོམ་པ་པོ་ཐུབ་བསྟན་ཕུན་ཚོགས། བསྟན་འབྱུང་རིག་པའི་ཤན་འབྱེད། རྩོམ་པ་པོ་མཁས་གྲུབ་ལུང་རྟོགས་རྒྱ་མཚོ། ཞང་བོད་ཀྱི་བསྟན་འབྱུང་ལྷ་རྒྱུད་རིན་ཆེན་ཕྲེང་བ། རྩོམ་པ་པོ་ཀུན་བཟང་བློ་གྲོས། དེབ་ཐེར་དཀར་པོ། རྩོམ་པ་པོ་དགེ་འདུན་ཆོས་འཕེལ།

དེབ་ཐེར་ཀུན་གསལ་མེ་ལོང༌། རྩོམ་པ་པོ་ཕུན་ཚོགས་ཚེ་རིང༌། གཡུ་ཡི་ཕྲེང་ཕ་སྟོད་ཆ། སྒྲིག་པ་པོ་ཁྱབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ནོར་བྲང་ཨོ་རྒྱན་གཉིས། གངས་ལྗོངས་ལོ་རྒྱུས་ཐོག་གི་མི་སྣ་གྲགས་ཅན། སྒྲིག་པ་པོ་དོན་རྡོར་དང་བསྟན་འཛིན་ཆོས་གྲགས་བཅས་ཡིན། །