དགེ་བཤེས་དགེ་ལེགས་སྦྱིན་པ། (ཧྥ་རན་སི་གཤེན་བསྟན་དར་རྒྱས་གླིང་།)》

དུས་གསུམ་གདོད་མའི་གཤིས་ལས་མ་གཡོས་བསྟན་འགྲོའི་མགོན་དུ་མངོན་པར་གར་གྱིས་བཞེངས། །
ཐབས་ཤེས་རོལ་བའི་གསང་ཆེན་རྣལ་འབྱོར་གྲུབ་པའི་ཚོགས་རྣམས་དགའ་བཞིའི་དཔལ་ལ་བསྟིམས། །
ཏིང་འཛིན་བདེ་བཅུད་ཁོང་དུ་སྨིན་པས་བོན་བརྒྱད་ཞེན་པ་དབྱིངས་ཆེན་ངང་དུ་གྲོལ། །
སྣང་བཞི་འོད་གསལ་གཞི་ལ་གོམས་པས་ལྷག་མེད་འཇའ་ལུས་མངོན་གྱུར་ཅོ་ཟ་བོན་གཅིག་མ། །

སེམས་ཉིད་ལྷ་ཞལ་ཁུམས་པས་སྟོང་པ་བློ་ཡིས་རྩིས་གདབ་ཟད། །
དྭངས་མ་ཡེ་ཤེས་རླུང་གིས་ལྷན་སྐྱེས་བདེ་དྲོད་ནང་ནས་སྦར། །
རྩ་གསུམ་འཁོར་ལོ་ལྔ་རུ་བཅུ་དྲུག་ཐིག་ལེའི་ཚོམ་བུ་བཀོད། །
དབབ་ལྡོག་འཕྲུལ་གྱིས་ཟུང་འཇུག་བདེ་བའི་ཡེ་ཤེས་མངོན་དུ་གྱུར། །
ཁྱེད་ཀྱི་རྣམ་བཞིའི་འཕྲིན་ལས་ཆ། །ཇི་བཞིན་བརྗོད་པར་མི་ནུས་ཀྱང་། །
དད་ལྡན་ཐར་བར་འཇུག་ངོགས་སུ། །འཆད་ལ་མཁའ་འགྲོས་གནང་བ་སྩོལ། །

སྤྱིར་བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་མཆོག་མཐར་ཐུག་སྐུ་གསུམ་གྱི་གོ་འཕང་བརྙེས་པའི་རྗེས་སུ་བསྟན་དང་འགྲོ་བའི་དོན་དུ་ལྷོ་འཛམ་བུ་གླིང་འདིར་སྐུ་སྐྱེ་བ་མི་རུ་བཞེས་ནས་མདོ་སྔགས་སེམས་གསུམ་གྱི་བསྟན་པ་རྗེས་བཞག་གནང་བ་དང་། བསྟན་པ་དེ་ཉིད་རྗེས་སུ་འཛིན་པའི་འཁོར་ལ་ལྷ་ཀླུ་མི་གསུམ་གྱི་སློབ་མ་བསམ་གྱིས་མི་ཁྱབ་པ་ཡོད་པ་དེ་དག་སྟོན་པ་དེའི་རྗེས་སུ་འབྲངས་ནས་རང་རང་གི་བློ་ཚོད་དང་མཐུན་པའི་བོན་མདོ་སྔགས་སེམས་གསུམ་གྱིས་བསྡུས་པའི་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་ཉམས་སུ་བླངས་པ་ལ་བརྟེན་ནས་རྣལ་འབྱོར་ཕོ་མོ་དུ་མ་སངས་རྒྱས་པ་དང་། གྲུབ་པ་ཐོབ་པ་བྱུང་བ་ནི་དངོས་ཀྱི་ལོ་རྒྱུས་སྤྱི་ལྟར་ལགས། དམིགས་བསལ་དུ་སངས་རྒྱས་ཀྱི་སྐུ་དུས་སུ་བསྟན་པ་འདིའི་རྒྱུད་པ་འཛིན་པའི་གཤེན་གྱི་རྣལ་འབྱོར་མ་གཤེན་ཟ་ནེའུ་ཆེན་དང་། གཤེན་ཟ་ནེའུ་ཆུང་། ཀླུ་མོ་མ་མ་དེ་སོགས་མདོ་སྔགས་སེམས་གསུམ་གྱི་རྒྱུད་པ་འཆང་བའི་གྲུབ་ཐོབ་མ་དུ་མ་ཞིག་བྱོན་ནས་བསྟན་འགྲོར་སྨན་པའི་མཛད་འཕྲིན་བསྐྱངས་མྱོང་ཡོད་ལ། དེ་རྗེས་མདོ་སྔགས་སེམས་གསུམ་གྱིས་བསྡུས་པའི་གཡུང་དྲུང་བོན་གྱི་བསྟན་པ་འདི་ཉིད་འཛམ་གླིང་མཐོ་སྒང་དུ་ཆགས་པའི་ཤེས་རིག་ཕུན་སུམ་ཚོགས་པའི་ཞིང་ཁམས་ཏེ་ཞང་བོད་ཀྱི་ལྗོངས་འདིར་བསྟན་པ་ཐོག་མར་དར་བས། བོན་བསྟན་སྔ་དར་གྱི་དུས་སུ་གྲུབ་ཐོབ་རྫུ་འཕྲུལ་མ་དགུ་ལ་སོགས་མདོ་སྔགས་སེམས་གསུམ་ལ་གྲུབ་པ་བརྙེས་པའི་གཤེན་གྱི་རྣལ་འབྱོར་མ་དུ་མ་ཞིག་བྱོན་པ་བོན་གྱི་ལོ་རྒྱུས་ཡིག་ཆ་ཁག་ལས་གསལ་བར་འཁོད་ཡོད། བོན་བསྟན་བར་དར་གྱི་མཇུག་དང་། དུས་རབས་བརྒྱད་པའི་ནང་སྐོར་དུ་གཡུང་དྲུང་བོན་གྱི་བསྟན་པའི་སྙིང་པོ་མདོ་སྔགས་རྫོགས་གསུམ་གྱི་གདམ་རྒྱུད་འཆང་བའི་རྣལ་འབྱོར་མ་དུ་མ་ཞིག་བཞུགས་པའི་ནང་ནས་ཁྱད་པར་འཕགས་པའི་མཐའ་འདུལ་གྱི་བོན་མོ་བཞི་དང་། གྲུབ་ཐོབ་མ་དྲུག་བཅས་བཞུགས་ཡོད་པ་འདི་ལྟར་ཏེ། ཚེ་འདིར་སྐུ་གསུམ་མངོན་དུ་གྱུར་ཅིང་གྲུབ་རྟགས་དང་རྫུ་འཕྲུལ་དཔག་མེད་མངའ་བའི་《༡》གཙང་སྟོད་ཀྱི་བོན་མོ་གང་ང་གོང་ཆུང་བྱ་བ་མོན་དང་བོད་ཀྱི་བར་ན་བཞུགས། 《༢》 སྐྱིད་སྨན་གྱི་བོན་མོ་འབྱོར་ར་འབྱོར་རྫོང་བྱ་བ་དྷན་དྲུག་དང་བོད་ཀྱི་བར་ན་བཞུགས། 《༣》 ཅ་ཟའི་གདངས་གྲགས་མ་བྱ་བ་ཞང་ཞུང་དང་བོད་ཀྱི་བར་ན་བཞུགས། 《༤》 མོན་མོ་ཤིབ་ཤིང་གི་དངུལ་མོ་ཆེ་བྱ་བ་རྩ་མི་ཤིང་མི་དང་བོད་ཀྱི་བར་ན་བཞུགས། དེ་བཞི་ནི་ས་མཚམས་སྲུང་བའི་བོན་མོ་བཞི་ཞེས་བྱ་བ་ས་མཚམས་བཞི་ཡི་ཁ་གནོན་དུ་བཞུགས་སོ། །

བོན་མོ་གྲུབ་ཐོབ་མ་དྲུག་ནི། 《༡》གཤེན་ཟ་མཚོ་སྨན་རྒྱལ་གྱིས་མཆོད་པ་སྤྱི་བོར་བླངས་ནས་གྱེར་བས་ཡེ་ཤེས་ལྷ་རྣམས་ཀྱིས་དངོས་སུ་ལེན་པར་གྲུབ། 《༢》 ཞུ་ཟ་རྔ་ཆུང་རྒྱལ་གྱིས་གང་དུ་འགྲོ་བའི་ས་གནས་ཐུགས་ལ་བཞག་ནས་སྤྱན་བཙུམས་ཞིང་དགོངས་པ་མཛད་པས་ཡུལ་དེར་ཕྱིན་པར་གྲུབ། 《༣》 སྔགས་ཟ་ཏི་པང་གིས་རྔ་ལ་ཞོན་ནས་བར་སྣང་དུ་མཆོངས་ཀྱང་མ་ལྷུང་བར་གྲུབ། 《༤》 ར་ལྕགས་ཟ་ཡང་རྒྱལ་མས། གཤང་རྟ་རུ་ཞོན་ནས་གངས་དཀར་གྱི་རྩེ་ལ་ཉི་མ་འདེ་བར་གྲུབ། 《༥》 སྣ་ནམ་ཟ་བོན་ཚོལ་ 《འཚོལ་》 མས་མཚོ་མ་པང་དར་ཤམ་གཅིག་ཏུ་བཏུམས་ཀྱང་མི་འབོ་བར་གྲུབ། 《༦》 ཅོ་ཟ་བོན་མོས་ཤ་རུ་སྐམ་པོ་ལ་མདུད་པ་དགུ་མདུད་བྱེད་པར་གྲུབ། དེ་བཞིན་དུ་བོན་མོ་བྱིན་རླབས་ཅན་ཤིན་ཏུ་མང་ངོ་། །ཞེས་བསྒྲགས་པ་གླིང་གྲགས་ 《སོག་སྤྲུལ་དཔར་མ་པོད་༦༧》 ལས་གསལ། དེའི་ནང་ནས་ལུང་དོན་དང་འབྲེལ་བའི་ལྷག་མེད་འཇའ་ལུས་གཤེགས་པའི་ཅོ་ཟ་བོན་མོའི་རྣམ་ཐར་འཆད་པར་སྤྲོའོ། །དེ་ཡང་ཅོ་ཟ་བོན་མོ་ནི་དུས་རབས་བརྒྱད་པའི་ནང་སྐོར་དུ་ཤིན་ཏུ་སྙན་གྲགས་ཆེ་བའི་བོན་གྱི་རྫོགས་ཆེན་ཉམས་ལེན་གནང་མཁན་ཞིག་དང་། ཁྱད་པར་དུ་བླ་ཆེན་དྲན་པ་ནམ་མཁས་བོན་གྱི་རྫོགས་ཆེན་མོ་རྒྱུད་ཀྱི་གདམ་པ་གཉེར་གཏད་གནང་སའི་བོད་ཀྱི་བུད་མེད་ཅིག་ཀྱང་ཡིན། དེ་བཞིན་ཁོང་ནི་བོན་གྱི་རྫོགས་ཆེན་གྱི་བླ་མ་བླ་ཆེན་དྲན་པ་ནམ་མཁའ་དང་། སྙ་ཆེན་ལི་ཤུ་སྟག་རིང་གཉིས་ཀྱི་གསང་ཡུམ་ཡིན་པར་མ་ཟད། སྔགས་རྫོགས་ཟུང་འབྲེལ་གྱི་ཟབ་གདམ་གནང་སའི་སློབ་མ་གཙོ་བོ་ཞིག་ཆགས་ཡོད། དུས་སྐབས་དེར་བླ་ཆེན་དྲན་པ་ནམ་མཁས་བོན་གྱི་རྫོགས་ཆེན་སྤྱི་རྒྱུད་ཆེན་མོ་ཡེ་ཁྲི་མཐའ་སེལ་དང་། ངེས་དོན་ནམ་མཁའ་འཕྲུལ་མཛོད་ཀྱི་གདམ་སྐོར་རྣམས་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་། ལོ་ཆེན་བཻ་རོ་ཙ་ན། མཁའ་འགྲོ་ཅོ་ཟ་བོན་མོ་གསུམ་ལ་གནང་བས། ཅོ་ཟ་བོན་མོ་ནི་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་ཤིན་ཏུ་ཐུགས་ཡིད་ཟབ་མོ་ཡོད་པའི་བློས་ཐུབ་ཀྱི་བོན་གྲོགས་དང་། ཞང་བོད་ལོ་རྒྱུས་ཐོག་འཁོད་པའི་བུད་མེད་ཀྱི་རྟེན་ལ་ཚེ་གཅིག་ལུས་གཅིག་ལ་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་བརྙེས་པའི་བོན་མོ་གྲགས་ཅན་ཞིག་ཡིན་པར་གསལ།

སྐུ་སྐྱེ་བ་བཞེས་པའི་སྐོར།

དེ་ཡང་ཅོ་ཟ་བོན་མོ་ནི་ཡུམ་ཆེན་བཟང་ཟ་རིང་བཙུན་གྱི་སྤྲུལ་པ་བསྟན་དང་འགྲོ་བའི་དོན་དུ་ཡུལ་དྭགས་པོ་ཙ་ཤོད་བྱ་བ་ན། ཡབ་ཅོ་གྱིམ་བུ་ལན་ཚ་དང་། ཡུམ་བདའ་མོ་ལྕམ《དྲང་དོན་མུན་སེལ་ལས་རྒྱ་མོ་སྐྱིད་ལྕམ་ཞེས་གསལ》གཉིས་ཀྱི་སྲས་སུ་དུས་རབས་བརྒྱད་པའི་ནང་སྐོར་དུ་འཁྲུངས། མ་ཡི་རུམ་ན་ཡོད་པའི་དུས་སུ་སྤྲུལ་པའི་སྐུ་ཡི་རྟགས་སུ་ཧ་དང་ཕཌ་ཀྱི་སྒྲ་སྒྲོག་པ་དང་། ཡུམ་གྱི་དགོངས་ལམ་དུ་ཉི་མ་ཁོང་ནས་ཤར་བ་སོགས་རྨི་ལྟས་བཟང་པོ་བྱུང་བ། ཁྱིམ་འཇའ་འོད་ཀྱིས་གང་བ་སོགས་ངོ་མཚར་གྱི་རྟགས་མཚན་དུ་མ་ཤར་རོ། ། སྐུ་སྐྱེ་བ་བཞེས་པའི་དུས་སུ་གནོད་སྦྱིན་གྱི་མཁའ་འགྲོ་ཕག་གདོང་མ་དང་། ཤ་ཟན་གྱི་མཁའ་འགྲོ་མ་མང་པོས་སྐོར་བ་བྱེད་པ། སྔོན་གྱི་ལས་འཕྲོ་བཟང་པོའི་སྟོབས་ཀྱིས་རང་བཞིན་གྱིས་ཆགས་པ་ཆུང་ལ་ཤེས་རབ་ཆེ་བ། དགུང་ལོ་ཆེར་སོན་པ་དང་ཡི་གེ་འབྲི་ཀློག་ཀུན་མ་བསླབས་པར་རང་བརྡོལ་གྱི་ཚུལ་དུ་མཁྱེན་པ་ཞིག་འཁྲུངས་སོ། །ཅོ་ཟའི་རང་བཞིན་གྱི་མཚན་ཉིད་ནི་སྐྱེ་མཆེད་ལེགས་ལ་ཤེས་རྒྱུད་འཇམ་པ་དང་། མི་ཡི་བུ་མོ་གཞན་དང་མི་འདྲ་བའི་ཁྱད་པར་འཕགས་པའི་རྟགས་བཞི་མངའ་འོ། །དེ་ཡང་ལུས་ལ་པད་མ་དང་མེ་ཏོག་གི་ཚོམ་བུ་ཡོད་པ། ཨ་ཀ་རུ་དང་། ཙན་དན་གྱི་དྲི་བྲོ་བ། ཐོ་རངས་དུས་སུ་ནམ་མཁའི་མཐོངས་ནས་གཟུགས་མེད་པའི་སྒྲ་སྐད་ཅིག་ཅོ་ཟ་བོན་མོ་ཞེས་ཟེར་གྱིན་འབོད་པ་དང་། རྨི་ལམ་དུ་ལོངས་སྤྱོད་སྣ་ཚོགས་འགྱེད་པ་དང་། ཞང་ཞུང་དང་རྒྱ་གར་གྱི་རིག་འཛིན་གཤེན་པོ་རྣམས་ཀྱིས་དབང་བསྐུར་གདམ་ངག་གདམས་པ་དང་། ཚོགས་འདྲེན་པ། བྱ་ཁྱུང་ལ་ཞོན་ནས་སུམ་ཅུ་རྩ་གསུམ་གྱི་ལྷ་གནས་སུ་མཆོད་པ་ལ་ཕྱིན་པ་དང་། ནང་ནུབ་ཀྱི་ལྟོ་དུས་སུ་བྱེའུ་ཆུང་ལྕོག་ཀྲི་ཀྲས་དྲན་བསྐུལ་ཚུལ་དུ་སྐད་འབྱིན་པ་སོགས་གསུངས།

བཤེས་གཉེན་གྱི་བླ་མ་དམ་པ་རྣམས་དང་མཇལ་ཚུལ།

དེ་ནས་ཡབ་ཡུམ་གཉིས་ཀྱིས་ཁྱོ་ལ་གཏོང་ཞེས་འཇིག་རྟེན་འཁོར་བའི་ཁྱིམ་ཐབ་བྱེད་པའི་ཆེད་དུ་གསེར་དང་གཡུ་ཡི་རྒྱན་ཆ་སྣ་ཚོགས་བསྒྲུབས་ནས་སྣ་ཚོགས་རྒྱན་གྱིས་སྤྲས་ཏེ་རོལ་རྩེད་ཟླ་ལ་བཏང་ཞེས་གཞོན་ནུའི་གཉེན་སྟོན་གྱི་ཆེད་གྲ་སྒྲིག་གི་དགའ་སྟོན་ལ་བཏང་བས། འགྲོ་མ་ཉན་པར་གཅིག་པུར་གུད་དུ་བསྡད་པ་ནི་འཁོར་བ་ལ་སྐྱོ་ཤེས་སྐྱེས་ནས་འཇིག་རྟེན་གྱི་སྣང་བ་དང་བློ་མ་འདྲེས་པའི་རྟགས་སོ། །གཤེན་ཚད་མེད་འོད་ལྡན་གྱི་སྤྲུལ་པ་བླ་བོན་དྲན་པ་ནམ་མཁས་ཅོ་ཟ་བོན་མོ་ཉིད་ཡུམ་ཆེན་བཟང་ཟ་རིང་བཙུན་གྱི་སྤྲུལ་པའི་སྐུ་རུ་གཟིགས་ཏེ། བླ་ཆེན་དྲན་པ་ཉིད་སྤྲང་པོ་ཞིག་ཏུ་བརྫུས་ནས་ཅོ་ཡི་སྒོ་ཁར་བྱོན་ནས་བསོད་སྙོམས་སྟེར་རོགས་ཞེས་བོས་གནང་བས། ཅོ་ཟ་བོན་མོས་གསན་པ་དང་ཕྱག་ཏུ་མཁར་གཞོང་རྩམ་པས་བཀང་བ་ཞིག་བསྣམས་ནས་སྒོ་ཁར་བྱོན་པ་དང་བླ་ཆེན་གྱི་ཞལ་མཇལ་མ་ཐག་ཤིན་ཏུ་སྤྲོ་བ་སྐྱེས་ནས་ལུས་ཀྱི་ཤ་ཞིག་པ་ཙམ་དུ་སོང་ནས་ལུས་འདར་བཞིན་མཁར་གཞོང་དུ་ཞིབ་དྲངས་པས། མཁར་གཞོང་ལག་ནས་ཤོར་ཏེ་ས་ལ་བརྡབས་པས་ཆག་ཀྲུམ་དུ་སོང་བས་བླ་ཆེན་ལ་འབུལ་རྒྱུའི་རྩམ་པ་ས་ཐོག་ཏུ་འཐོར། དེ་ནས་བླ་ཆེན་དྲན་པས་ཁྱོད་ཀྱིས་མཁར་གཞོང་བཅག་པས་ད་ཁྱོད་ཀྱི་ནོར་ཟས་ཕྱེད་མར་བགོ་དགོས། མི་བགོ་ན་ཁྱོད་ཀྱི་ནོར་བཀྲག་པ་ཞིག་ང་ལ་སྦྱིན་དགོས་གསུངས། ཅོ་ཟས་མཁར་གཞོང་བཅག་པ་ཡབ་ཡུམ་གཉིས་ལ་གསང་ནས་ཁྱིམ་ནང་དུ་ཕྱིན་ཏེ་འཇབ་བུས་ཆུ་རིལ་ཞིག་དང་། བྲང་ཞིག་བརྐུས་ནས་སྒོ་ཕྱིར་བྱོན། བླ་མས་ང་ལ་ཅི་ཡོད་གསུངས་པས། བརྐུས་པའི་དངོས་པོ་དེ་ཉིད་བླ་ཆེན་དྲན་པར་ཕུལ་ནས་བྱིན་རླབས་ཞུས་པས་བླ་མ་ལ་དད་པ་དང་མོས་གུས་གཏིང་ནས་ཆུད། དེ་ནས་ཡབ་ཡུམ་གཉིས་ཀྱིས་བརྡ་ཕྱུག་པོ་དང་གཉེན་སྡེབ་ཀྱི་གྲོས་མོལ་བྱས་པས་འཁོར་བའི་བོན་ལ་སྙིང་པོ་མེད་ཟེར་ནས་བག་མར་མ་བྱོན་པའི་ཚུལ་མེད་པ་དང་། སྨྱོན་མའི་སྤྱོད་ཚུལ་མཛད། བག་མར་གཏོང་ཁར་བསམ་ཡས་བྲག་དམར་དུ་བྲོས། གཉེན་འབྲེལ་ཀུན་གྱིས་བཀུག་ཀྱང་ཁུག་པའི་གླགས་མེད་པར་དབེན་པའི་གནས་སུ་རྒྱུད་མ་སྨིན་པ་སྨིན་པར་བྱེད་པའི་སྔོན་འགྲོ་བློ་ལྡོག་གི་བོན་ལ་ཐོས་བསམ་སྒོམ་སྒྲུབ་གནང་ནས་བཞུགས་སོ། །

བླ་མེད་རྫོགས་པ་ཆེན་པོའི་དོན་ལ་ཉམས་ལེན་གནང་ཚུལ།

བོན་གྱི་རྫོགས་ཆེན་གྱི་བླ་མ་གཤེན་ཆེན་ལི་ཤུ་སྟག་རིང་དང་མཇལ་ནས་དེའི་དྲུང་ནས་རྫོགས་ཆེན་བསྒྲགས་པ་སྐོར་གསུམ་དང་། རྫོགས་པ་ཆེན་པོ་ཡང་རྩེ་ཀློང་ཆེན་དྲང་ངེས་ཀྱི་སྐོར་རྣམས་རྫོགས་པར་ཞུས། བླ་མ་ལི་ཤུས་མཁའ་འགྲོ་ཅོ་ཟ་བོན་མོར་མན་ངག་ངོ་སྤྲོད་ཀྱི་གདམ་པ་འདི་ལྟར་གདམས། རྫོགས་པ་ཆེན་པོ་ཡོངས་རྩེ་ཀློང་ཆེན་ལས། ཡེ་ཤེས་སྤྲུལ་པའི་མཁའ་འགྲོ་ཉོན། །རྒྱལ་ཐེབས་སྤྱི་བླུགས་ལྟ་བའི་དབང་། །རང་བཞིན་ཆ་ལུགས་ཕྱག་རྒྱ་བཅའ། །སྤྱན་རྩ་སེང་གེ་ལྟ་བུ་སྟེ། །རིག་པ་མདུན་གྱི་མཁའ་ལ་གཏད། །རྟོག་མེད་སྤྲོས་བྲལ་བསམ་བརྗོད་བྲལ། །སོ་མ་ལྷུག་པ་མ་བཅོས་པ། །ཀུན་ཏུ་བཟང་པོའི་དགོངས་པ་དེ། །ངོ་སྤྲོད་བྱས་ལ་ངེས་ཤེས་བསྐྱེད། །ཅེས་གསུངས། ཅོ་ཟ་བོན་མོས་བླ་མ་ལི་ཤུས་ཅི་ལྟར་གདམས་པ་བཞིན་ཉམས་སུ་བླངས་པས་བོན་ཉིད་ཀྱི་དགོངས་པ་མངོན་དུ་གྱུར་ནས་ཧས་པོ་རིའི་རྩེ་མོར་མགུར་འདི་ལྟར་བཞེངས་སོ། །《རྫོགས་ཆེན་བསྒྲགས་པ་སྐོར་གསུམ། བརྟེན་འགྱུར་སོག་པོད། ལྡེབ་མ་༢༥༦ལས། 》ཨེ་མ་ཧོ། ཡ་མཚན་ཆེ། ཉིན་དང་མཚན་མེད་བཞུགས་ཡུལ་ན། །གཏན་དུ་གསལ་བའི་ཉི་མ་ཤར། །དྲོ་ནི་བདག་མོའི་ངོས་ལ་དྲོ། །བོན་དང་སེམས་སུ་སྤྲོད་པས་གཤེན་རབ་དྲིན་པོ་ཆེ། །སེམས་ལ་སེམས་ཀྱིས་ལྟ་བ་རང་ལ་རང་དྲིན་ཆེ། །འཁོར་བའི་གདོས་ཐག་མ་བཅད་ན། །ངས་དང་གནས་སུ་མི་ཕྱིན་ནོ། །ཉོན་མོངས་རྟོག་པ་མ་བསྙིལ་ན། །ངས་དང་གནས་སུ་མི་ཕྱིན་ནོ། །རྒྱལ་པོ་བཙོན་དུ་མ་བཟུང་ན། །ངས་དང་དམག་མི་མི་ཐུལ་ལོ། །ལྟ་བ་རྫོགས་ཆེན་སྐུ་མཁར་ལ། །ལུང་དྲུག་དམའ་བུག་ཤར་གྱིས་བཏོད། །མན་ངག་བརྒྱད་ཀྱི་བ་གམ་བཏག, །སེམས་ཉིད་གསལ་བའི་གཞུ་བརྡུང་《བདུངས་》ནས། །ཡིག་ཆུང་བཞི་ཡི་མདའ་གཏོང་བས། །དུག་ལྔའི་ཤིང་ཕུབ་ཟང་བཏོན་ནས། །འགྲོ་བ་འཁོར་བའི་མི་དྲུག་བསད། །འཁྲུལ་པའི་འགྲན་ཟླ་མེད་པར་རྒྱལ། །ཆགས་སྡང་དགྲ་གཉིས་མ་བསད་ན། །སེམས་ཀྱི་བུ་གཅེས་ཡབ་དབང་མེད། །དུག་གསུམ་ཆུ་བོ་མ་བཅད་ན། །ཡེ་ཤེས་མེ་ལ་འབར་དབང་མེད། །འཁོར་བའི་གྲྭ་གྲོགས་མ་བསུམ་ན། །བདེ་བའི་རྟ་ལ་རྒྱུག་དབང་མེད། །བུ་གཉེན་གྲོགས་དང་མ་བྲལ་ན། །རང་སེམས་བྱ་རྒོད་འཕུར་དབང་མེད། །རྣམ་རྟོག་གི་སྡོང་པོ་མ་བཅད་ན། །འཁོར་བའི་ལོ་འདབ་རྒྱས་པར་མཆིས། །དུག་ལྔའི་དགྲ་དང་མ་བྲལ་ན། །འོར་མོ་ཁུང་དུ་འཁྲིད་པར་མཆིས། །གཟུགས་ཕུང་རེ་རྡུལ་མ་བཤིགས་ན། །ཉོན་མོངས་སྐུ་དང་བཅས་ནས་མཆིའོ། །ཡེ་ཤེས་མར་མེ་མ་བཏང་ན། །མ་རིག་མུན་པ་སྲོས་པར་མཆིའོ། །ལྟ་བ་རྫོགས་ཆེན་མཁར་ཡོད་པས། །ཉོན་མོངས་དམག་གིས་ང་མི་འཇིགས། །མི་འགྱུར་བརྟན་པའི་གོ་ཡོད་པས། །དུག་ལྔའི་མཚོན་གྱིས་ང་མི་འཇིགས། །ཡེ་ཤེས་སེམས་དཔའི་གྲོགས་ཡོད་པས། །གྲོགས་དང་བྲལ་བས་ང་མི་འཇིགས། །སེམས་ལ་སྤྱོད་པའི་རྫས་ཡོད་པས། །རྫས་དང་བྲལ་བས་ང་མི་འཇིགས། །ཐམས་ཅད་བྲལ་བས་བདེ་བའི་མཆོག །ཡོངས་དང་བྲལ་བས་བདེ་བའི་མཆོག །གཅིག་པུར་གནས་པས་བདེ་བའི་མཆོག །འཁོར་དང་བྲལ་བས་བདེ་བའི་མཆོག །བོན་དང་སེམས་སུ་སྤྲོད་པ་གཤེན་རབ་དྲིན་པོ་ཆེ། །འཁོར་བའི་འདམ་ལས་སྒྲོལ་བའི་གཤེན་རབ་དྲིན་པོ་ཆེ། །ཉོན་མོངས་རྒྱ་མཚོ་སྐེམ་པའི་གཤེན་རབ་དྲིན་པོ་ཆེ། །སངས་རྒྱས་སུ་སྟོན་པའི་གཤེན་རབ་དྲིན་པོ་ཆེ། །རང་སེམས་རང་གིས་རྟོགས་པའི་ཅོ་ཟ་བོན་གཅིག་མ། །ལྟད་མོ་སེམས་ལ་ལྟ་བ་ཡི། །གཏན་གྲོགས་སེམས་ལ་ཚོལ་བ་ཡི། །ལོངས་སྤྱོད་སེམས་ལ་འགྱེད་པའི་ཅོ་ཟ་བོན་གཅིག་མ། །ང་ཡི་ལྟ་བ་ནམ་མཁའ་འདྲ། །ང་ཡི་སྤྱོད་པ་ས་གཞི་འདྲ། །ང་ཡི་སྒོམ་པ་ཞུགས་མར་འདྲ། །ང་ཡི་མན་ངག་བདུད་རྩི་འདྲ། །འཁོར་བའི་སེམས་ཅན་ཉོན་མོངས་ཀུན། །རྗེ་དཔོན་འདོད་ན་ཡི་དམ་ལྷ། །གཏན་གྲོགས་འདོད་ན་རང་གི་སེམས། །བྲན་གཡོག་འདོད་ན་བསྟན་སྲུང་ཚོགས། །ལོངས་སྤྱོད་འདོད་ན་བོན་གྱི་དབྱངས་《དབྱིངས》། །ལྟ་ན་རང་གི་སེམས་ལ་ལྟོས། །མཆོད་ན་བདེར་གཤེགས་རིགས་ལྔ་མཆོད། །སྒོམ་ན་མི་རྟོག་ཤེས་རབ་སྒོམས། །འདུག་ན་དགོན་པའི་གནས་སུ་འདུག །ཅེས་ཅོ་ཟ་བོན་མོས་ཧས་པོ་རིའི་རྩེ་མོར་མགུར་བཞེངས་པའོ། །དེ་ནས་སྒོམ་པ་ཀློང་དུ་གྱུར་ནས་སངས་རྒྱས་སོ། །ཞེས་གསུངས། ཅོ་ཟས་བླ་ཆེན་དྲན་པ་ནམ་མཁའི་མདུན་ནས་སྤྱི་རྒྱུད་ཆེན་མོ་ཡེ་ཁྲི་མཐའ་སེལ་དང་། རྫོགས་པ་ཆེན་པོ་ནམ་མཁའ་འཕྲུལ་གྱི་མཛོད་ཆེན་གྱི་གདམ་སྐོར། དབང་བཞི་དང་། རིག་པ་རྩལ་དབང་དང་བཅས་པ་རྫོགས་པར་མནོས་ཏེ་རྒྱུད་ལ་སྨིན་གྲོལ་གྱི་དོན་མངའ་བར་མཛད་པ་དང་། ཐོས་བསམ་གྱི་གཙོ་བོ་རྫོགས་ཆེན་བསྒྲགས་པ་སྐོར་གསུམ་མཛད་ཀྱང་གཞི་ཤར་གྲོལ་རིག་པའི་ཡེ་ཤེས་ཀྱི་མྱོང་བ་རྫོགས་ཆེན་ནམ་མཁའ་འཕྲུལ་གྱི་མཛོད་ཆེན་གདམ་སྐོར་ཉམས་སུ་བླངས་པ་ལ་བརྟེན་ནས་རྒྱུད་ལ་སྐྱེས་པར་གསུངས། དེ་ཡང་བླ་ཆེན་དྲན་པ་ནམ་མཁས་ཅོ་ཟ་བོན་མོ་ལ་རྒྱུན་གནས་ཀྱི་མན་ངག་གསུམ་གྱིས་ངོ་སྤྲོད་ཀྱི་གདམ་པ་འདི་ལྟར་གདམས་ཏེ།《ནམ་མཁའ་འཕྲུལ་གྱི་མཛོད་ཆེན་ལས་མན་ངག་གནད་ཀྱི་ལྡེ་མིག་༢༢༦ལས། མཛད་པ་པོ་དྭགས་པོ་དྲན་པ་ནམ་མཁའ། ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་གིས་དཔར་སྐྲུན་ཞུས།》ཅོ་ཟ་ནམ་མཁའ་ལ་ལྟོས་དང་སྤྲིན་རང་འབྱུང་རང་གྲོལ། ཁར་ཚང་《ཁ་རྩང་》གི་སྤྲིན་དེ་རིང་གི་སྤྲིན་མིན། ད་ཅིའི་སྤྲིན་དེ་ད་ལྟའི་སྤྲིན་མིན། སྤྲིན་གློ་བུར་བ་རང་སར་གྲོལ་བས། སྒྲིབ་བྱེད་ལ་སྙིང་པོ་མེད། ནམ་མཁའ་ཆེན་པོས་སྤྲིན་མ་སྤངས། གདོད་ནས་བྲལ་བར་རྒྱུན་དུ་གནས། ཕྱི་ཡི་སྣང་བ་དཀར་དམར་ལ་ལྟོས་དང་། དགྲ་རུ་སྣང་བ་དགྲ་མིན། གཉེན་དུ་སྣང་བ་གཉེན་མིན། དགྲ་གཉེན་འཁྲུལ་སྣང་གློ་བུར་བ། སྣང་བ་གློ་བུར་བ་རང་སར་གྲོལ་བས། སྣང་བ་འདི་ལ་སྙིང་པོ་མེད། སྣང་བ་རང་གྲོལ་ཆེན་པོ། འཁྲུལ་སྣང་མ་སྤངས་གདོད་ནས་བྲལ་བར་གནས་སོ། །ནང་འཛིན་བྱེད་ཀྱི་ཤེས་པ་སྣ་ཚོགས་སུ་སྣང་བ་ལ་ལྟོས་དང་། དྲན་རྟོག་འཛིན་བྱེད་ཀྱི་ཤེས་པ་གློ་བུར་བ། འཛིན་བྱེད་གློ་བུར་བ་རང་སར་གྲོལ་བས་འཛིན་པ་ལ་དངོས་པོ་མེད། འཛིན་པ་རང་གྲོལ་ཆེན་པོ། འཛིན་རྟོག་མ་སྤངས་གདོད་ནས་བྲལ་བར་རྒྱུན་དུ་གནས་ཞེས་སོ། །མེད་པ་གསུམ་ནི། སྐུ་ལས་འདས་པས་ཁ་དོག་དངོས་པོ་མེད། གསུང་ལས་འདས་པས་བརྗོད་བྱ་རྗོད་བྱེད་མེད། ཐུགས་ལས་འདས་པས་གཟུང་ཡུལ་མཚོན་བྱེད་མེད། ཅེས་གདམས་པས། ཅོ་ཟའི་རྒྱུད་ལ་སྙིགས་མ་རྟོག་པའི་བློ་ཡི་དྲི་མ་ཐམས་ཅད་འཛིན་མེད་རང་གྲོལ་ཆེན་པོའི་ངང་དུ་གྲོལ་ཏེ་རང་རིག་ཡེ་ཤེས་རྗེན་གཅེར་དུ་ཤར་བའོ། །དེ་ནས་ཧས་པོ་རི་ལ་སྒོམ་སྒྲུབ་མཛད་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་རྒྱུད་ལ་བརྙེས་པས་རྫུ་འཕྲུལ་ཞབས་ཀྱིས་ཧས་པོ་རི་ལ་གོམ་པ་གསུམ་གྱིས་ཕྱིན་པ་དང་། ཤ་རུ་སྐམ་པོ་ལ་མདུད་པ་དགུ་མདུད་བྱེད་པར་གྲུབ། ཏིང་ངེ་འཛིན་གྱི་རྩལ་གྱིས་བླ་མ་སྤྱན་འདྲེན་ནུས་པ། འཇིག་རྟེན་ཁམས་ཀྱི་ཟས་སྤངས་ནས་ཏིང་ངེ་འཛིན་གྱི་བཅུད་ལ་རོལ་ཏེ་བླ་མེད་རྫོགས་པ་ཆེན་པོའི་དོན་ཉམས་སུ་ལེན་བཞིན་བཞུགས་སོ། །སྐབས་དེར་ཅོ་ཟའི་རྒྱུད་ལ་མ་གཞི་ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་མངོན་དུ་གྱུར་ནས་བུ་རྩལ་ཤར་རིག་པའི་ཡེ་ཤེས་དང་འདུ་འབྲལ་མེད་པ་ཡིན་ཀྱང་ལམ་ཁྲེགས་ཆོད་ཀྱི་ཉམས་ལེན་གོམས་པ་ཚད་དུ་ཕྱིན་པ་དང་། ལྷུན་གྲུབ་འོད་གསལ་གྱི་སྣང་བ་རྒྱ་རལ་བའི་ཆེད་དུ་མུན་པའི་རྣལ་འབྱོར་ལ་བཞུགས་ནས་བླ་མེད་རྫོགས་པ་ཆེན་པོའི་དོན་ཉམས་སུ་བླངས་ཡོད་པ་ནི། བླ་མ་ལི་ཤུས་ཅོ་ཟ་ལ་གདམས་པ།《རྒྱལ་ཐབས་དབང་ཁྲིད་གནད་ཀྱི་ལག་ལེན་༡༤༦ལས།》འོད་གསལ་གཞི་སྦྱོར་གདམས་པ་འདི། །སངས་རྒྱས་བཙན་ཐབས་སྒྲུབ་པའི་མན་ངག་ཡིན། །མུན་པའི་ཀློང་ནས་སྣང་བའི་འོད། །ཡེ་ཤེས་ཆེན་པོའི་རང་དྭངས་འཆར། །གོམས་ཤིང་འདྲིས་པར་བྱས་པ་ན། །སངས་རྒྱས་ཉེ་བར་སྒྲུབ་མི་དགོས། ཞེས་སོ། །ཅོ་ཟས་དེ་ལྟར་ཉམས་སུ་བླངས་པས་ལམ་ཁྲེགས་ཆོད་ཀྱི་ཉམས་ལེན་གོམས་པ་ཀློང་དུ་གྱུར་པའོ། །དེ་ནས་ཅོ་ཟ་བོན་མོས་བླ་མ་སྙ་ཆེན་ལི་ཤུ་སྟག་རིང་གི་མདུན་ནས་ལྷུན་གྲུབ་འོད་གསལ་ཐོད་རྒལ་གྱི་ཉམས་ལེན་སྐོར་གྱི་ཟབ་གདམ་རྣམས་ཞུས་ནས་ཉམས་སུ་བླངས་པས་མཐར་ཐུག་སྣང་བཞི་ཟད་སར་ཕྱིན་ནས་འཇའ་ལུས་འཕོ་བ་ཆེན་པོའི་གོ་འཕང་བརྙེས་པའོ། །དེ་ཡང་། ཡང་རྩེ་ཀློང་ཆེན་ལས། ཡེ་ཤེས་སྤྲུལ་པའི་མཁའ་འགྲོ་མ། །འཁྲུལ་པའི་སྣང་བ་ཞིང་ལྔས་སྦྱངས། །ཕུང་པོའི་གདོས་པ་ལྷ་ལྔས་བཀྲོལ། །ཤེས་པའི་མཚན་མ་འོད་ལྔས་དྲིལ། །དོན་དུ་ཡེ་ཤེས་ལྔ་ལ་བཟླ། །སྒྲ་འོད་ཟེར་གསུམ་འཁྲུལ་སྣང་གསུམ། །སྐུ་གསུམ་སེམས་སུ་དམར་ཐག་བཅད། །ཚེ་འདིར་གོམས་འདྲིས་སེམས་ལ་བྱ། །ནང་དྲོད་རྟགས་ཉག་ཐག་ཐིག་ལེ་དང་། །ཡིག་འབྲུ་ལྷ་སྐུ་ཞིང་ཁམས་འཆར། །སྒྱུ་ལུས་འབྱུང་ལྔ་འཇིག་དུས་སུ། །འབྱུང་ལྔའི་གཡར་པོ་རང་སར་བཞག །འོད་ལྔའི་དྭངས་མ་ལྷ་ལྔ་དང་། །སེམས་ཉིད་རང་དྭངས་བླང་དོར་ཕྲལ། །དབུ་མའི་ལམ་ལ་རིག་པ་ཧཱུྃ། །འོད་ལྔའི་ཉག་ཐག་ཐབས་ཀྱིས་དྲངས། །ཀུན་ཏུ་བཟང་པོའི་ཐུགས་ཁའི་གཡུང་དྲུང་ལ། །སྒྲ་འོད་ཟེར་གསུམ་གཅིག་ཏུ་དྲིལ། །ཡེ་ཤེས་ཟང་ཐལ་མངོན་སངས་རྒྱས། །ཞེས་གདམས་པ་བཞིན་ཅོ་ཟས་ཉམས་སུ་བླངས་པས་སྒྱུ་ལུས་གདོས་བཅས་ཀྱི་ཕུང་པོ་དང་། ཐ་མལ་གྱི་སྣང་བ་ཕྲ་རགས་དང་བཅས་པ་ཐམས་ཅད་གཞི་ཡང་མེས་ཆེན་པོ་ངོ་བོ་ཉིད་ཀྱི་ཀློང་དུ་ཁྲོལ་གྱིས་གྲོལ་ནས་ཟག་མེད་ཡེ་ཤེས་ཀྱི་སྐུ་མཆོག་མངོན་དུ་བྱས་པའོ། །

བསྟན་འགྲོའི་དོན་ཆེན་མཛད་པའི་སྐོར།

བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་བཟུང་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་བར་དུས་སྐབས་རེ་ཙམ་བོན་བསྟན་ཅུང་ཙམ་འཕེལ་འགྲིབ་ཕྱིན་ཡོད་ནའང་གཙོ་བོའི་ཆ་ནས་བོད་གངས་ཅན་གྱི་ལྗོངས་འདིར་བོན་བསྟན་དར་ཞིང་རྒྱས་པར་གྱུར། བོད་རྒྱལ་ཁྲི་སྲོང་ཡང་སྐུ་ཚེ་སྟོད་དུ་གཡུང་དྲུང་བོན་གྱི་སྒོར་ཞུགས་ནས་བོན་གྱི་རྫོགས་ཆེན་གྱི་བླ་མ་དྲན་པ་ནམ་མཁའི་དྲུང་ནས་རྫོགས་པ་ཆེན་པོ་ནམ་མཁའ་འཕྲུལ་གྱི་མཛོད་ཆེན་དྲང་ངེས་སྐོར་གྱི་ཁྲིད་གདམ་ཞུས་ནས་བོན་བསྟན་ལ་ཉམས་ལེན་གནང་བའི་ཚུལ་བོན་གྱི་ལོ་རྒྱུས་ཡིག་ཆ་རྣམས་སུ་གསལ་བར་འཁོད་ཡོད། དེ་ཡང་དྲང་དོན་མུན་སེལ་སྒྲོན་མ་《ལྡེབ་མ་༣༢ནས། ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་ནས་དཔར》 ཐུགས་ཀྱི་བརྣག་པ་སྙན་རྒྱུད་རྣམ་པ་གཉིས། །མངའ་བསྙེམས་དུས་ལ་འཛོམས་པའི་རིགས་ཅན་ལྔ་ལ་གནང་། །བཻ་རོ་ཙ་ན་མངའ་བདག་རྒྱལ་པོ་དང་། །ཅོ་ཟ་བོན་མོ་གསུམ་ནི་མཆོག་ཐོབ་མངོན་སངས་རྒྱས། །ཞེས་གསུངས། རྒྱུ་མཚན་འདི་འདྲ་ཞིག་ལ་བརྟེན་ནས་བོན་གྱི་ལོ་རྒྱུས་ཡིག་ཆ་ཁག་ལས་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་ལ་འགྲེལ་བཤད་བྱེད་ཚུལ་མི་འདྲ་བ་གཉིས་བྱུང་ཡོད་པ་དེ་ནི་རྩ་བའི་ཆོས་ལུགས་ཀྱི་འདུ་ཤེས་འཛིན་ཚུལ་ལ་བརྟེན་ནས་བྱུང་ཡོད་པར་སེམས། དཔེར་ན་བོད་ཀྱི་བན་དེ་ཚོས་རྒྱ་གར་ནང་ཆོས་བོད་ལ་དར་བར་འགོག་རྐྱེན་བྱེད་པའི་བོད་ཀྱི་རྒྱལ་པོ་ལྷ་སྲས་དར་མ་དང་། བོན་པོ་ཡིན་པའི་བོད་ཀྱི་བློན་པོ་རྣམས་ལ་བདུད་རྒྱལ་དང་བདུད་བློན་ཞེས་པའི་ཐ་སྙད་བྱེད་པ་ནང་བཞིན་བོན་པོའི་དཔེ་འགའ་ཞིག་ནས་ཁྲི་སྲོང་ལྡེའུ་བཙན་གྱིས་བོན་ཆོས་ཉམས་སུ་བླངས་པའི་རྒྱུ་མཚན་གྱིས་བདེར་གཤེགས་སྤྲུལ་པ་དང་། བོན་བསྟན་བསྣུམས་པའི་ཆ་ནས་བདུད་དང་རྒྱལ་འགོང་སོགས་ཀྱི་བྱིན་རླབས་ཞུགས་པར་བཤད་ཡོད། བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་དགུང་ལོ་ཆེར་སོན་པ་དང་སློབ་དཔོན་པད་མ་འབྱུང་གནས་དང་། མཁན་པོ་བྷོ་ཏི་ས་ཏྭོ་གཉིས་གཙོས་པའི་རྒྱ་གར་དང་། རྒྱ་ནག་ཕྱོགས་ནས་ཕེབས་པའི་ཆོས་བླ་རྣམས་དང་། བོད་ཀྱི་ཆོས་བློན་ཚོའི་རེ་འདོད་དང་བསྟུན་ནས་རྒྱལ་པོས་གཡུང་དྲུང་བོན་གྱི་བསྟན་པ་སྣུབ་པའི་དུས་སུ་བོད་མི་རང་གིས་བོད་རང་སར་རིག་གནས་གསར་བརྗེའི་ལས་འགུལ་སྤེལ་བ་དང་། བོད་རང་ས་ནས་བྱུང་བའི་ཐུན་མོང་མ་ཡིན་པའི་ཆོས་ལུགས་ཏེ་མདོ་སྔགས་སེམས་གསུམ་གྱིས་བསྡུས་པའི་གཡུང་དྲུང་བོན་གྱི་གསུང་རབ་དུ་མ་ཞིག་མེར་བསྲེགས་པ་དང་། ཆུ་དང་རླུང་ལ་བསྐུར་བ། བོན་གྱི་དགོན་སྡེ་དང་སྐུ་གསུང་ཐུགས་རྟེན་རྣམས་གཏོར་བཤིགས་བཏང་བར་མ་ཟད། བོན་གྱི་བླ་མ་དང་། བོན་གྱི་བློན་པོ། བོན་གྱི་མི་དྲག བོན་གྱི་མི་མང་དུ་མ་ཞིག་དམར་གསོད་བཏང་བ་དང་། མཐའ་འབུད་བཏང་བ། ལོངས་སྤྱོད་གཞུང་བཞེས་བྱས་པ། ཆོས་ལུགས་བསྒྱུར་བ་སོགས་ཡ་ང་བའི་ལས་སྤྱོད་ཅི་རིགས་སྤེལ་བས་བོད་ཀྱི་དབུས་སྐོར་དུ་ཅོ་ཟ་བོན་མོ་མ་གཏོགས་བོན་ཆོས་གཙང་མ་སྤྱོད་པའི་བོན་པོ་མེད་པར་གྱུར། བོད་རྒྱལ་ཁྲི་སྲོང་གིས་བོན་བསྟན་སྣུབ་པའི་དུས་སུ་བོན་གཤེན་རིག་འཛིན་མཁའ་འགྲོ་རྣམས་ཀྱིས་བཀའ་བསྒྲོས་མཛད་དེ་བོན་གྱི་གསུང་རབ་ཇི་སྙེད་ཅིག་ཟབ་གཏེར་དུ་སྦས་པ་དང་། སྦས་འཕྲོ་རྣམས་འགའ་ཞིག་ཆོས་སུ་བསྒྱུར་བ་དང་། ཆོས་དང་འདྲ་མཚུངས་སུ་བཅོས་པ་སོགས་བྱས་པས་ཕྱིས་སུ་གཏེར་མ་དང་། སྙན་རྒྱུད། བོན་པོ་གསར་མའི་ལུགས་སྲོལ་སོགས་བྱུང་ཡོད་པ་རེད། ཅོ་ཟ་བོན་མོ་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་མཆེད་གྲོགས་ཡིན་པའི་རྒྱུ་མཚན་ནམ། ཡང་ན་མཐུ་རྩལ་དང་རྫུ་འཕྲུལ་ཆེ་བའམ། འཇིག་རྟེན་བློས་བཏང་ནས་ཚེ་གཅིག་དབེན་པའི་གནས་སུ་སྒོམ་སྒྲུབ་གནང་ནས་བཞུགས་པའི་རྒྱུ་མཚན་བཅས་གང་ཡིན་ཡང་དུས་ཀྱི་གཉན་འཕྲང་དེ་ལྟ་བུའི་འོག་ཅོ་ཟ་བོན་མོ་ཉིད་བོད་དབུས་སུ་གཡུང་དྲུང་བོན་ཉམས་སུ་ལེན་བཞིན་བཞུགས་རྒྱུ་བྱུང་བ་ཤིན་ཏུ་ངོ་མཚར་ཆེའོ། །སྐབས་དེར་བོད་དུ་མི་བདེ་བ་སྣ་ཚོགས་བྱུང་བས། ཅོ་ཟ་བོན་མོ་མཁར་ཆེན་བྲག་དཀར་ལ་བཞུགས་པ་ལ་《བསྟན་འགྱུར་སོག་པོད་༡༩༢ རྫོགས་ཆེན་ཡོངས་རྩེའི་བཤད་བྱང་འཕྲུལ་གྱི་ལྡེ་མིག་ལྡེབ་མ་༣༣༠ ལས་གསལ་བ་འདི་ལྟར། ཤེལ་གྱི་བྲག་དཀར་རྩེ་རྫོང་ནི། ཁ་ཅོ་བྲག་དཀར་ཡང་ཟེར་ཏེ། གནམ་མཚོ་ཕྱུག་མོའི་བྱང་ཕྱོགས་ན་ཡོད་དོ། །ཁྱུང་པོ་བླ་ཆུང་བློ་གྲོས་རྒྱལ་མཚན་གྱིས་མཛད་པའོ། །དབང་ཁྲིད་ལས། ཁ་ཅོ་བྲག་དཀར་དུ་བླ་མས་སྙན་རྒྱུད་ཡོངས་རྩེ་ཀློང་ཆེན་མཛད་ཅེས་པའོ། །དེ་ནི་བླ་མ་ལི་ཤུ་སྟག་རིང་གི་སྒྲུབ་གནས་བྱིན་ཅན་དང་དེང་སང་རི་བོ་ལ་ཤེལ་བྲག་རི་དང་ཕུག་པ་ལ་ཤེལ་བྲག་ཕུག་ཅེས་འབོད་》ཅེས་གསུངས། རྒྱལ་པོས་མི་བདེ་སྣ་ཚོགས་བྱུང་བ་འདི་རྣམས་རྣོས་ཅིས་ལེན་ཞུས་པས། བོན་མོ་ན་རེ། རྒྱལ་པོ་ཁྱེད་ཀྱིས་ཅི་ཡང་བྱེད། ཡ་བོ་མི་བྱེད་པ་ལ་བྱས། བཀྲ་ཤིས་ཀྱི་བོན་བསྣུབས། བོན་པོ་རྣམས་མཐའ་རུ་སྤྱུགས་པ་དང་བོན་སྤངས་པའི་ལན། ད་ཡང་ལོ་གསུམ་ཚུན་ཆད་ལ། རྒྱལ་སྲིད་རྩེད་《རྩད་》ནས་མི་ཆགས་ཟེར། དེ་ལ་ཅི་བྱས་ན་ཕན་ཞུས་པས། གཤེན་པོ་རྣམས་ཐམས་ཅད་གདན་འདྲེན་ཞུ་ནས་བོན་སྤྱོད་དུ་བཅུག རྒྱལ་བློན་གྱིས་མགུར་ལྷ་དང་ཕོ་ལྷ་ལ་སྐྱབས། སེལ་དང་བསང་མཆོད་སྣང་སྲིད་ཞི་བ་ཆེན་པོ་བྱས་ན་ཕན་ཟེར་རོ། །དེ་ནས་རྒྱལ་པོས་བདེན་པར་གོ་སྟེ་གཤེན་པོ་རྣམས་གདན་འདྲེན་ཇི་ལྟར་བྱེད་པར་གྲོས་པས། ལ་ལ་ན་རེ་བོན་གཤེན་རྣམས་བྱང་མྱ་ངམ་དུ་གྲོངས་ནས་མེད་ཟེར་རོ། །ཅོ་ཟས་གཤེན་པོ་རྣམས་བྱང་སྤང་གོང་གི་ཁྱིམ་ན་བྲག་སྲིན་མིག་དམར་འཁོལ་པོ་བྱས། རི་དྭགས་སྤུ་སྡུག་གི་འོ་མ་འཇོ་ཡིན་ཡོད། གཤེན་པོ་རྣམས་ཀྱིས་གསུངས་པ་ལ་ཉན་ཅིང་《ཞིང་》། ཆེ་གེ་ཡིག་ཚང་སྟེར་ན་ངས་གདན་འདྲེན་གསུངས་པས། བོད་རྒྱལ་ཁྲི་སྲོང་གིས་དེ་ལྟར་འཐད་པ་ཞལ་བཞེས་གནང་བ་དང་། རྒྱལ་པོས་འོ་ན་བོན་གཤེན་རྣམས་གདན་དྲང་འཚལ་ཞུས་ཏེ་གསེར་དངུལ་བྱ་བོ་གང་ཕུལ་བས། ཅོ་ཟ་བོན་མོས་དྲེའུ་འཕར་མ་དགུ་རྐང་ཞིག་བཅིབས་ནས་ལྡོང་ལྷ་གསོལ་གྱིན་བྱོན་པས་གཤེན་པོ་རྣམས་དང་མཇལ་ནས་བོད་དུ་མི་བདེ་བ་སྣ་ཚོགས་བྱུང་ནས་གཤེན་པོ་རྣམས་སྤྱན་འདྲེན་དུ་མཆིས་པས་གཤེགས་འཚལ་ཞུས་པས། མེ་ཉག་ལྕེ་ཚ་མཁར་བུ་ན་རེ། བོན་ལ་འགྲོ་དོན་ལས་མེད། སེམས་ཅན་ལ་སྙིང་རྗེ་བས་འགྲོ་གསུངས་ནས་གཤེན་པོ་རྣམས་བྱོན་ནོ། །དེ་ནས་ཕོ་བྲང་དུ་ཕེབས་ཏེ་རྒྱལ་པོ་དང་ཞེ་ས་རྩེ་སྤྲོད་དུ་མཛད་དོ། །གཤེན་པོ་རྣམས་ཀྱིས་དང་པོར་རྒྱལ་འགོང་གི་ཁ་གནོན་དུ་གསས་ཁང་ཞིག་བཞེང་དགོས་གསུངས་ནས་པེ་དཀར་གླིང་དུ་གསས་ཁང་ཞིག་བཞེངས། མཆོད་རྟེན་ནག་པོ་བོན་ལུགས་སུ་བཞེངས་སོ། །བོན་གཤེན་རྣམས་ཀྱིས་གཏོ་བཅོས་མཛད་པ་དང་། རྒྱལ་བློན་རྣམས་ཀྱིས་རྗེ་ཡི་མགུར་ལྷ་གསོལ་བ་དང་ཕོ་ལྷར་སྐྱབས་སུ་གསོལ་བས། ལྷ་ཞལ་ཚུར་གཟིགས། ཡར་ཆབ་རྣལ་དུ་ཕབ། དྲན་པ་ནམ་མཁའ་ནན་བན་ནས་བཏོན་ཏེ་རྗེ་ལ་ཚེ་དབང་བསྐུར་བས་རྒྱལ་པོ་སྙུང་བ་དྭངས། བོད་ཁམས་སུ་ནད་རིགས་དང་འཁྲུགས་པ་ཆད་པས། རྒྱལ་པོ་དགྱེས་ཏེ་བོན་ལ་ཆེ་ཐབས་ཡིག་ཚང་ཕུལ་བ་ནི། སྟོད་ནས་ཡུལ་གསུམ་ཕུལ་བ་ནི་ཟ་གད་སེར་སྟེང་། གཙང་པོ་གཞུང་སྨད། ཆུ་བར་བྲོ་སྣ་དང་གསུམ་མོ། །སྨད་ནས་ཡུལ་གསུམ་ཕུལ་ཏེ། འོལ་མོ་ལུང་རུང་དང་། འཕན་ཡུལ་འབྲམ་སྐྱེས། ཡར་མོ་བྲུད་དང་གསུམ་མོ། །སྟོད་ནས་འབངས་གསུམ་ཕུལ་ཏེ་འོ་དང་། སོ་ངན། གློ་བོ་གསུམ་མོ། །དབུས་ནས་འབངས་གསུམ་ཕུལ་ཏེ། པྲེ། སླུང་། རླུང་གསུམ་མོ། །ཡར་ལུང་སོག་ཁ་བཞུགས་པའི་གནས་སུ་ཕུལ། ལྷ་ས་ཐུགས་དམ་གྱི་ལྷ་གསོལ་བའི་གནས་སུ་ཕུལ་ལོ། །ཞེས་གསུངས། དེ་ནི་མཁའ་འགྲོ་ཅོ་ཟ་བོན་མོའི་ཐུགས་རྗེའི་མཛད་འཕྲིན་ལ་བརྟེན་ནས་བྱུང་བ་ཡིན་ནོ། །

གདུལ་བྱ་གཞན་དོན་དུ་སྤྲུལ་སྐུ་བྱོན་ཚུལ།

ཅོ་ཟ་བོན་མོ་མཆོག་མཐར་ཐུག་སྐུ་གསུམ་གྱི་གོ་འཕང་བརྙེས་ནས་གདུལ་བྱ་གཞན་དོན་དུ་སྐྱེ་བ་བཞེས་ཚུལ་ནི་ཡང་རྩེ་ཀློང་ཆེན་དགོངས་རྒྱུད་དྲུག་གི་ཀླད་དོན་༣༩ ལས། བླ་མའི་ཞལ་ནས། །ཁྱོད་ནི་དུས་གསུམ་སངས་རྒྱས་འབྱུང་བའི་ཡུམ། །བོད་དུ་འགྲོ་བའི་དོན་ལ་བྱོན། །མཁའ་སྤྱོད་གནས་སུ་གཤེགས་གྱུར་ཀྱང་། །ཁྱོད་ཀྱི་སྐུ་ལས་སྤྲུལ་པའི་མཁའ་འགྲོ་ནི། །ཟ་ཧོར་རྒྱལ་པོའི་ཕོ་བྲང་དུ། །གཡུང་དྲུང་དགེ་ལྡན་མ་བྱ་བ་དང་། །ཞང་ཞུང་གྲོང་ཁྱེར་བདེ་ལྡན་དྲུང་། །བདེ་སྤྱོད་བཟང་མོ་བྱ་བ་དང་། །ཁ་ཆེ་ཡན་ལ་བཅོ་བརྒྱད་འབྱུང་། །གསུང་གི་སྤྲུལ་པ་ལས། །དབུས་སུ་ལབ་སྒྲོན་བྱ་བ་དང་། །ཉི་མ་སྒྲོན་དང་ཉ་ཉ་དང་། །ཀུན་དགའ་བཟང་མོ་བྱ་བ་དང་བཅུ་གསུམ་ཡོང་། ཐུགས་ཀྱི་སྤྲུལ་པ་ལས། མདོ་ཁམས་ཞིག་མོ་བྱ་བ་དང་། །ནེ་གུ་རྒྱན་ཞེས་བྱ་བ་དང་། །ཤེལ་ཟ་བྱ་བའི་བུད་མེད་ཡོང་། །སྦས་པའི་ཚུལ་ཅན་ཞིག་འབྱུང་གསུངས། ཁྱད་པར་དབུས་དང་བསམ་ཡས་སུ། ཁྱོད་ཀྱི་སྤྲུལ་པ་རེ་རེ་ཡོང་། ཞེས་གསུངས་སོ། །

ཐ་མ་དབྱིངས་སུ་གཤེགས་ཚུལ།

དེ་ལྟར་ཅོ་ཟ་བོན་མོས་བླ་མ་ལི་ཤུ་སྟག་རིང་དང་། བླ་ཆེན་དྲན་པ་ནམ་མཁའ་སོགས་ཀྱི་མདུན་ནས་སྔགས་སེམས་ཀྱི་གདམ་པ་རྫོགས་པར་ཞུས་ནས་བླ་མེད་རྫོགས་པ་ཆེན་པོའི་དོན་ལ་རྐྱང་དེད་ཆིག་དྲིལ་དུ་ཉམས་སུ་བླངས་པས་ཚེ་གཅིག་ལུས་གཅིག་ལ་སྒྲིབ་གཉིས་མུན་པའི་ཚོགས་རྣམས་དབྱིངས་སུ་སངས་ཏེ་མཐར་ཐུག་སྐུ་གསུམ་གྱི་གོ་འཕང་མངོན་དུ་བྱས་པ་གསུངས། དེ་ལྟར་སྐུ་ཚེའི་འདུ་བྱེད་མ་བོར་བར་འཇའ་ལུས་འཕོ་བ་ཆེན་པོ་མངོན་དུ་བྱས་ཀྱང་གདུལ་བྱ་ཐུན་མོང་གི་སྣང་ངོར་ཐ་མལ་གྱི་ཚུལ་བཟུང་ནས་བསྟན་དང་འགྲོ་བའི་དོན་ཆེན་བསམ་གྱིས་མི་ཁྱབ་པར་མཛད་པས་དོན་གཉིས་ལྷུན་གྱིས་གྲུབ་པའོ། །མཐར་དགུང་ལོ་བརྒྱ་དང་དྲུག་ཅུ་བཞེས་པ་དང་ཏི་སེའི་བོན་ཕུག་ཏུ་ཕུང་པོ་ས་ལ་མ་བཞག་པར་མཁའ་སྤྱོད་བདེ་བ་ཆེན་པོའི་ཞིང་ཁམས་སུ་གཤེགས་སོ། །

ལྷ་མིའི་རྣམ་འདྲེན་གཤེན་རབ་མི་བོ་ཡིས། །
མཐའ་ཡས་འགྲོ་ལ་བརྩེ་བས་ཉེར་གཟིགས་ནས། །
ཐུགས་ཀྱི་ཉིང་ཁུ་མདོ་སྔགས་སེམས་ཀྱི་བོན། །
ཕྱི་རབས་འགྲོ་བའི་དོན་དུ་གཉེར་གཏད་མཛད། །
ཡང་དག་སྐུ་གསུམ་གོ་འཕང་བརྙེས་པའི་ཐབས། །
གོལ་དང་འཆུགས་མེད་ལམ་མཆོག་ཡིད་བཞིན་ནོར། །
ཐོབ་པའི་རྟེན་ལ་ཕོ་མོ་ཁྱད་མེད་པར། །
དམུ་སྲས་འགྲོ་བའི་མགོན་པོའི་ཞལ་བཞེས་བཞིན།
དུས་ཀྱི་སྙིགས་མ་འཁོར་བའི་མུན་ཁྲོད་དུ། །
སྲིད་པའི་སྒྲོན་མེ་སྨག་རིམ་སེལ་བའི་འོད། །
ཤེས་རབ་རྟེན་ལ་ཚེ་གཅིག་སངས་རྒྱས་སར། །
གཤེགས་པའི་རྣམ་ཐར་ཁྱེད་ཀྱིས་ཞིང་འདིར་བཞག །
ཚུལ་འདི་དུས་དང་དགོས་པའི་སྟབས་བསྟུན་ཏེ། །
གཞུང་བཟང་དུ་མའི་བཅུད་ཕྱུང་ཟུར་དུ་བཀོད། །
འགལ་འཁྲུལ་གནས་བཞིར་བཤགས་ཤིང་རྣམ་དཀར་ཆ། །
ཅི་མཆིས་བསྟན་འགྲོར་སྨན་པའི་རྒྱུར་གྱུར་ཅིག །

ཅེས་ཚེ་གཅིག་ལུས་གཅིག་ལ་ལྷག་མེད་འཇའ་ལུས་སུ་གཤེགས་པའི་མཁའ་འགྲོ་ཅོ་ཟ་བོན་མོའི་རྣམ་ཐར་འདི་ཉིད་རྫོགས་ཆེན་བསྒྲགས་པ་སྐོར་གསུམ་དང་། རྫོགས་ཆེན་ཡོངས་རྩེ་ཀློང་ཆེན། རྫོགས་ཆེན་ཡེ་ཁྲི་མཐའ་སེལ། རྫོགས་ཆེན་ནམ་མཁའ་འཕྲུལ་མཛོད། དྲང་དོན་མུན་སེལ་སྒྲོན་མ་སོགས་རང་གཞུང་ཁུངས་མ་དུ་མར་གཏུགས་ནས་ནག་རུ་དགེ་བཤེས་དགེ་ལེགས་སྦྱིན་པས་ནུབ་ཕྱོགས་ཀྱི་སློབ་མ་རྣམས་ཀྱི་ཆེད་དུ་ནུབ་གླིང་དུ་ཡོད་པའི་བོན་གྱི་འདུས་སྡེ་ཆེན་མོ་དཔལ་གཤེན་བསྟན་དར་རྒྱས་གླིང་དུ་ཕྱི་ལོ་ ༢༠༡༡ ལོར་ཕྱི་ཟླ་༡ པོའི་ཚེས་ ༡༥ ཉིན་རྫོགས་པར་བྲིས། །

མཁའ་འགྲོ་ཅོ་ཟ་བོན་མོའི་གསོལ་འདེབས།

བསམ་ཡས་ཧས་པོ་རི་ཡི་སྒྲུབ་གནས་སུ། །
ཅི་ཡང་མ་ངེས་སྒྱུ་མ་ལྷ་མོའི་སྐུ། །
སྦྱངས་ཤུགས་སྟོབས་ཀྱིས་ལྷག་མེད་མངོན་སངས་རྒྱས། །
རྒྱལ་བའི་ཡུམ་གྱུར་ཅོ་ཟ་བོན་མོ་ལ། །
དགའ་བདེའི་ངང་དུ་བདག་ཉིད་གསོལ་བ་འདེབས། །
དུས་གསུམ་སངས་རྒྱས་བསྐྱེད་པ་རིན་པོ་ཆེ། །
མཆོག་ཐུན་དངོས་གྲུབ་རྫོགས་པར་བྱིན་གྱིས་རློབས། །
རྫོགས་ཆེན་ཡང་ཀློང་ཆེན་ལས་ཟུར་དུ་ཕྱུང་པ་དགེའོ། །