སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན། 《ཁྲི་བརྟན་ནོར་བུ་རྩེ།》

མཆོག་གསུམ་རྒྱ་མཚོའི་ཚོགས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དེ་ལ་ཀུན་རིག་ལས་བཞི་རྒྱུན་ལྔའི་ལས་ཚོགས་འདི་ནི་སྤྱི་སྤུངས་གསས་མཁར་རིན་པོ་ཆེ་བསྒྲག་པ་སྐོར་གསུམ་གྱི་ཆ་ལག་ཐེག་པ་རིམ་དགུའི་ནང་ཚན་དགེ་བསྙེན་ཐེག་པའི་ཆར་གཏོགས་ལས་བཞི་རྒྱུན་ལྔ་སྦྱིན་སྲེག་གི་མཆོང་ཞེས་བྱ་བ་དེ་ཡིན་ལ་འདི་ཐོག་མར་གསུང་མཁན་གྱི་སྟོན་པ་ནི་ཡང་དག་པ་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོས་གསུངས་པ་ནི། ཀུན་རིག་རྒྱས་པའི་སྦྱིན་སྲེག་ལས། དེ་ལ་ཡུལ་ནི་ཞང་ཞུང་གི་ཡུལ་བྱེ་མ་ལ་མི་འགྱུར་གཡུང་དྲུང་ཚལ་ཞེས་བྱ་བར་མཛད་དོ། །མཛད་པའི་དཔོན་གསས་ནི། སྟོན་པ་གཤེན་རབ་མི་བོ་ཉིད་ཀྱིས་མཛད་དོ་ཞེས་སོ། །སྟོན་པས་གཤེན་གྱི་དགེ་བསྙེན་ཚངས་པ་གཙུད་ཕུད་ལ་གཉེར་གཏད་མཛད་དོ། །དེས་སྤངས་ལ་ནམ་གཤེན་ལ་གསུངས། དེས་ཡོངས་སུ་དག་པ་ལ་གསུངས།

དེས་མི་ལུས་བསམ་ལེགས་ལ་གསུངས། དེས་ཞང་ཞུང་ཨ་ནུ་འཕྲག་ཐག་ལ་གསུངས། དེས་ཞང་ཞུང་སད་ནེ་གའུ་ལ་གསུངས། དེས་དཔོན་གསས་ཐ་མི་ཐད་ཀེ་ལ་གསུངས། དེས་རྒྱ་བོན་ཟིང་པ་མཐུ་ཆེན་ལ་གསུངས། དེས་ཤད་པུ་ར་ཁུག་ལ་གསུངས། དེས་དཔེ་བོན་ཐོག་རྩེ་ལ་གསུངས། དེས་དཔེ་བོན་ཐོག་འཕྲུལ་ལ་གསུངས། དེས་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་ལ་གསུངས། དེས་སེ་ཤ་རི་དབུ་ཆེན་དང། ལྡེ་གྱིམ་ཚ་རྨ་ཆུང་། མེ་ཉག་ལྕེ་ཚ་མཁར་བུ་དང་གསུམ་ལ་གསུངས། དེ་རྣམས་ཀྱིས་སྟང་ཆེན་དམུ་ཚ་གྱེར་མེད་དང་ཁོད་སྤུངས་དྲན་པ་ནམ་མཁའ་གཉིས་ལ་བརྒྱུད། དེ་ཡི་དུས་སུ་རྒྱལ་པོ་གྲི་གུམ་བཙན་པོས་བོན་གཤེན་རིག་འཛིན་རྣམས་ལ་འཕྲག་དོག་གིས་བསྙོན་བཙུགས་པའི་རྐྱེན་ཀྱིས་ཁོང་རྣམས་བོད་ཡུལ་རུ་བཞིའི་ས་སྐོར་དུ་འདུག་མ་བདེ་ནས་བོན་སྡེ་དུ་མ་གཏེར་དུ་བཞག གཏེར་བདག་ཡེ་ཤེས་དབལ་མོ་ལ་བཅོལ་ལོ། །དེ་ཉིད་ལས། རྒྱལ་གྲི་གུམ་བཙན་པོ་རྒྱལ་པོ་གླེན་པ་དང་འགྲས་ནས། བོན་འབུམ་སྡེ་ཆེན་པོ་བཞི་དང་། གསས་མཁར་དང་སེམས་དོན་ཐམས་ཅད་རིན་པོ་ཆེ་གཏེར་དུ་སྦས་ནས་སུམ་པ་གླིང་གི་གྱིམ་ཤོད་དུ་གཤེགས་ཏེ། ཞེས་གསུངས་སོ། །ཕྱིས་སུ་ཕྱི་ལོ་༡༠༡༧མེ་མོ་སྦྲུལ་ལོར་སྤྲུལ་པའི་སྐུ་མཆོག་གཤེན་ཆེན་ཀླུ་དགས་ལྷོ་འབྲིག་མཚམས་མཐའ་དཀར་ནས་བོན་ཟབ་མོ་དུ་མ་དང་། ལྷག་པར་སྤྱི་སྤུངས་རིན་པོ་ཆེ་དབང་ཆེན་ཁྲོ་བོའི་སྐོར་རྣམས་གཏེར་བཞེས་པ་དང་ཆབས་ཅིག་ཀུན་རིག་རྒྱས་པའི་སྦྱིན་སྲེག་གི་གཞུང་ཆེན་མོ་འདི་《འདིའི་ནང་དུ་རྒྱུན་གྱི་སྦྱིན་སྲེག་ཚུད་ཡོད།》གཏེར་ཞལ་ཕྱེས་ནས་སྒོམ་ཆེན་ཞུ་ཡས་ལེགས་པོ་ལ་གནང་ངོ་། །སྦྱིན་སྲེག་ཁོག་འགྲེལ་ལས་ཀྱི་བྱང་བུ་ཞེས་པ་འདི་ནི་ཞི་བ་དང་དབང་དྲག་པོ་གསུམ་གྱི་སྦྱིན་སྲེག་གི་གཞུང་ཡིན་ལ་འདིའི་མཚན་ཡོངས་རྫོགས་ནི་《སྦྱིན་སྲེག་ཁོག་འགྲེལ་ལས་ཀྱི་བྱང་བུ་ལ་ཞི་དབང་དྲག་གསུམ་མཆོང་》ཞེས་བྱ་ལ་འདི་ཕྱི་ལོ་༡༡༠༨ས་བྱི་ལོར་བྱང་དྭང་ར་ཁྱུང་རྫོང་ནས་རིག་འཛིན་ཆེན་པོ་གྱེར་མི་ཉི་འོད་ཀྱིས་སྤྱི་སྤུངས་རིན་པོ་ཆེའི་ལས་མཐའི་མཆོང་ཆེན་རྣམས་གཏེར་ནས་སྤྱན་དྲངས་ནས་རྨ་སྟོན་སྲོལ་འཛིན་ལ་གནང་། དེས་བྲུ་སྟོན་ཉི་རྒྱལ་ལ་བརྒྱུད། དེ་ནས་རིམ་བཞིན་བརྒྱུད་རིམ་མ་ཆད་པ་ད་ལྟའི་བར་དུ་བཞུགས། དེ་ཡང་གཏེར་མ་ཞེས་པ་འདི་ནི་ཕུགས་གཏུག་ས་མེད་པ་སྐྱེ་བོ་ཆེ་གེ་མོ་ཞིག་གིས་གློ་བུར་དུ་ས་འོག་ནས་རྙེད་བསྡད་པ་དེ་འདྲ་མ་ཡིན་པ་བརྒྱུད་རིམ་ཁུངས་བཙན་དང་ལྡན་པ་སངས་རྒྱས་སྤྲུལ་པའི་སྐུ་གཤེན་རབ་མི་བོ་ནས་བཟུང་གོང་དུ་བཤད་པའི་བརྒྱུད་རིམ་གྱི་བླ་མ་དེ་དག་གི་སྐབས་སུ་ལག་ལེན་བྱས་ནས་སྤྱིར་འགྲོ་བ་སྤྱི་དང་སྒོས་སུ་གདོང་དམར་བོད་མིའི་ཕན་བདེའི་གཞི་རྩ་ས་སྐྱེས་རྡོ་སྐྱེས་ལྟ་བུ་རིག་པའི་གནས་བླ་ན་མ་མཆིས་པ་ཞིག་ཆགས་ཡོད། སྐབས་ཤིག་ཏུ་བོད་ཀྱི་རྒྱལ་བློན་གླེན་པ་འགའ་ཞིག་གི་ངན་དབང་ལ་བརྟེན་ནས་བོད་མིའི་རིག་གནས་བོད་མིའི་སྤྱོད་དུ་མ་བཅུག་ནས་འ་ཆད་འུ་ཐུག་སྟེ་ས་འོག་ཏུ་སྦས་དགོས་པ་བྱུང་ཡོད། སྟབས་ལེགས་པ་ཞིག་ལ་སྔ་དར་རིག་འཛིན་རྣམས་ཀྱི་ཐུགས་སྨོན་དང་བོད་མིའི་ལས་སྐལ་བཟང་པོ་ལ་བརྟེན་ནས་དུས་རབས་བཅུ་པ་ནས་འགོ་བཙུགས་ཏེ་༩༡༣གཡུང་དྲུང་བོན་གྱི་དཔེ་ཚོགས་ཇི་རྙེད་ཅིག་ཟབ་མོ་གཏེར་ནས་གདན་དྲངས་པའི་སྐལ་པ་ཐོབ་ཡོད། བོན་པོའི་གཏེར་ཙམ་དུ་མ་ཟད་རྗེས་སུ་རྙིང་མའི་དཔེ་ཚོགས་མང་པོ་ཞིག་གཏེར་ཆོས་སུ་བྱུང་ཡོད། ཁུ་ཚ་ཟླ་འོད་དམ་ཀུ་ས་སྨན་པ་དང་རྡོ་རྗེ་གླིང་པའམ་གཡུང་དྲུང་གླིང་པ་སོགས་འགའ་ཞིག་བོན་རྙིང་ཐུན་མོང་གི་གཏེར་སྟོན་ཆགས་ཡོད། ཁུ་ཚ་ཟླ་འོད་ཀྱིས་གཏེར་གྱི་ཁ་བྱང་ཞིག་ཁྱེར་ནས་བན་དེ་ཞིག་གི་མཉམ་དུ་འབྲུག་ཡུལ་སྤ་གྲོ་ལ་ཕྱིན་ནས་ཟླ་ཕྱེད་ཙམ་གཏེར་བཙལ་བས་མ་རྙེད་ནས་བན་དེ་ཐང་ཆད་དེ་ཕྱིར་ལ་ལོག ཁུ་ཚས་མུ་མཐུད་བཙལ་བས་གཏེར་དཔེ་མང་པོ་རྙེད་དེ་འགའ་ཞིག་བན་དེའི་གཏེར་ཆོས་སུ་སོང་བས་རྙིང་མ་པ་ལ་རྩིས་སྤྲོད་གནང་ཡོད། རྡོ་རྗེ་གླིང་པ་ནི་རྙིང་མའི་གཏེར་སྟོན་གྲགས་ཅན་ཞིག་ཡིན་པ་མ་ཟད་ཁོང་གིས་ཚེ་དབང་བོད་ཡུལ་མ་ཞེས་པ་ཞང་ཞུང་གི་མཁས་པ་གྲགས་ཅན་དྲན་པ་ནམ་མཁའི་སྲས་པོ་ཚེ་དབང་རིག་འཛིན་གྱི་བླ་སྒྲུབ་དང་། རྫོགས་ཆེན་གསེར་ཐུར་སོགས་བོན་གྱི་གཏེར་དཔེ་མང་པོ་ཡང་གཏེར་ལས་བཞེས་ཡོད། དེ་དག་ཐེ་ཚོམ་དང་བྲལ་བར་བོན་པོ་ལ་ཕུལ་ཡོད་པ་བན་བོན་གཉིས་ཀའི་ལོ་རྒྱུས་རྣམས་སུ་ཡོངས་གྲགས་ཡིན། དེ་དག་གིས་གཏེར་མ་རྣམས་རྫུན་བཟོ་མ་ཡིན་པ་དང་། གཏེར་སྟོན་རྣམས་ཀྱིས་དྲང་པོ་དྲང་བདེན་གྱི་ལམ་ནས་མཛད་འཕྲིན་གང་འདྲ་ཞིག་བསྐྱངས་ཡོད་མེད་ལེགས་པར་མཚོན་ཐུབ་པ་ནི་སྨྲོས་མ་དགོས། འགའ་ཞིག་གིས་གཏེར་མ་རྣམས་ཡང་དག་པ་ཞིག་ཡིན་ན་དུས་རབས་བརྒྱད་པའི་ནང་དུ་བྲིས་པའི་བརྡ་རྙིང་གིས་ཕྱུག་པའི་དཔེ་ཆ་ཞིག་ཡིན་དགོས་པས་དེ་འདྲ་གཏན་ནས་མེད་པས་ཕྱིས་སུ་གསར་བཟོ་བྱས་པར་རློམ་པ་ནི་བོད་ཆེན་པོའི་རིག་གནས་དང་ལོ་རྒྱུས་མི་ལོ་སྟོང་ཕྲག་མང་པོའི་བརྒྱུད་རིམ་ལྡན་པ་དེ་དག་འགོག་རྐྱེན་དང་། ཆོས་དང་ཚན་རིག་འཇིག་རྟེན་གང་ཅིའི་ཐད་རྩ་བ་ནས་འགྲིག་ཐབས་མེད་པ་ཞིག་ཡིན། གང་ཡིན་ཟེར་ན་བན་བོན་གཉིས་ཀའི་གཞུང་ལུགས་རྣམས་དུས་བབ་འགྱུར་ལྡོག་གི་རྐྱེན་གྱིས་ཚིག་གསར་བཅད་ཀྱི་དབང་དུ་མ་གཏོང་ཐབས་མེད་ཆགས་ཡོད་པ་དང་། གལ་སྲིད་བརྡ་གསར་གྱི་དབང་དུ་མ་གཏོང་བ་ཡིན་ན་གོ་སྟབས་མི་བདེ་བ་དང་དོན་རྟོགས་དཀའ་བའི་གནས་སུ་གྱར་ཡོད། དེར་བརྟེན་བན་བོན་གཉིས་ཀའི་དཔེ་ཆ་རྣམས་བརྡ་གསར་ནང་དུ་བཅུག་ཅི་ཐུབ་བྱས་པ་གསལ་པོ་ཡིན། འདིར་དཔེ་མཚོན་ཞིག་བཤད་ན། དུས་རབས་བརྒྱད་པར་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པར་གྲགས་པའི་སྒོམ་རིམ་བར་པ་ཞེས་པ་འདི་ཐོག་མར་བརྡ་དང་ཡིག་གཟུགས་རྙིང་པའི་ནང་དུ་བྲིས་ཡོད་པ་སོམ་ཉི་དང་བྲལ་བ་ཞིག་ཡིན་ནའང་ད་ལྟ་འདིའི་ནང་བརྡ་གསར་ཁོ་ན་ལས་བརྡ་རྙིང་ཚིག་གཅིག་མཐོང་རྒྱུ་མེད་པ་དེ་དང་གཅིག་མཚུངས་སུ་གྱུར་པ་མངོན་གསལ་རེད། བོད་ཀྱི་བཙན་པོའི་སྐབས་བན་བོན་གཉིས་གྱི་འཐབ་རྩོད་དྲག་པོའི་ནང་དུ་བྲིས་པའི་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་དང་རྡོ་རིང་གི་ངོས་ན་གསལ་བའི་ཡིག་རིས་རྣམས་ནི་སྐབས་དེའི་དུས་ཀྱི་གནས་ཚུལ་སོགས་རགས་ཙམ་བྲིས་ཡོད་པས་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཞིག་ཡིན་ཡང་མི་ལོ་སྟོང་ཕྲག་དུ་མའི་རིང་དར་བའི་བོད་ཆེན་པོའི་རིག་གནས་དང་ལོ་རྒྱུས་ཡོངས་སུ་རྫོགས་པར་མཚོན་ཐུབ་ཐབས་རྩ་བ་ནས་མེད། དེའི་ཚུལ་རྒྱས་པར་གཞན་དུ་འཆད་པར་སྤྲོ་བས་འདིར་གླེང་གཞིའི་གཙོ་བོ་མིན་པས་དེ་ཙམ་བྱས། གཡུང་དྲུང་བོན་གྱི་གདན་ས་ཆེན་པོ་གཡས་རུ་དབེན་ས་ཁར་《སྤྱི་ལོ་༡༠༧༢ལོར་ཕྱག་བཏབ་》མཁས་ཤིང་གྲུབ་པའི་དབང་པོ་གཉོས་སྟོན་ཚུལ་ཁྲིམས་རྒྱལ་མཚན་《འཁྲུངས་ལོ་༡༡༤༤》དང་བོན་གྱི་སྤྱན་ལྡན་ཆེན་པོ་འགྲོ་མགོན་བློ་གྲོས་རྒྱལ་མཚན་《འཁྲུངས་ལོ་༡༡༩༨》སོགས་ཀྱིས་གོང་དུ་བཤད་པའི་གཞུང་དེ་དག་གི་ཕྱག་ལེན་རྒྱ་ཆེར་གནང་ཞིང་ཕྱག་བཞེས་དང་འགྲེལ་བ་ཡང་མཛད། དགོན་སྡེ་དེའི་བཅའ་བཀོད་ཇི་བཞིན་རྒྱལ་བ་གཉིས་པ་མཉམ་མེད་པ་ཆེན་པོ་ཤེས་རབ་རྒྱལ་མཚན་ནས་བཟུང་དཔལ་ལྡན་བཀྲ་ཤིས་སྨན་རི་བའི་ཁྲི་འཛིན་རིམ་བྱོན་གྱིས་ཕྱག་ལེན་ཚུལ་བཞིན་གནང་། ལྷག་པར་དུ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་ཉེར་གསུམ་པ་ཀུན་མཁྱེན་ཉི་མ་བསྟན་འཛིན་མཆོག་གིས་ལས་བཞི་རྒྱུན་དང་ལྔ་གདུང་སྲེག་དང་ཀློང་རྒྱས་བཅས་ཀྱི་ཕྱག་བཞེས་《བཅའ་ཐབས་ལག་ཁྲིད་གསལ་བའི་དམིགས་བུ་དང་། ཟིན་རིས་ཀུན་གསལ་མེ་ལོང་》སོགས་གོང་མའི་ཕྱག་ལེན་ཇི་བཞིན་བློ་དམན་གོ་བདེའི་ཆེད་དུ་གསལ་སྟོན་མཛད་ཡོད། དེས་ལོ་རྒྱུས་ཀྱི་ལམ་སྒོ་གསལ་བར་ཕྱེས་ནས་ད་ནི་སྦྱིན་སྲེག་བྱེད་པའི་དོན་ཆེད་ནི། ཀུན་རིག་རྒྱས་པའི་སྦྱིན་སྲེག་ལས། དོན་ཆེད་ནི་ཕྱི་རབས་ཀྱི་གཤེན་པོ་ཐམས་ཅད་དང་། མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཁམས་གསུམ་དུ་འཁོར་བ་དང་། རྒྱུ་དྲུག་ཏུ་ལྟུང་བ་ལ་བག་ཆགས་སྦྱོང་བ་དང་། ཁ་ལོ་བསྒྱུར་བའི་དོན་ཆེད་དུ་མཛད་དོ། །ཞེས་དང་། གདུང་སྦྱོང་བསྲེག་ཆོག་ལས། དོན་ཆེད་ནི་ཚེ་འདས་དྲངས་པའི་དོན་ཆེད་དུ་མཛད་དོ། །ཞེས་དང་། བདེར་གཤེགས་ཐུགས་ཀྱི་དཔལ་དབྱེའུ་ལས། རིག་པའི་ཡེ་ཤེས་མེ་སྦར་བས། ཚེ་འདས་མ་རིག་རྨོངས་པ་བསྲེག་ཏུ་གསོལ། ཞེས་གསུངས་སོ། །འདི་ཉིད་ཉམས་སུ་བླངས་པའི་དགོས་པའམ་ཡོན་ཏན་ནི། སྤྱིར་གཞུང་འདི་རྣམས་གསོན་གཤིན་གང་གི་ཆེད་དུ་ཉམས་ལེན་གནང་ན་ཆོག་པས། དཔེར་ན་གསོན་པོའི་ཆེད་དུ་ཁ་བསྒྱུར་འདི་ལྟར་བྱ་སྟེ་རྒྱུ་སྦྱོར་བ་ཡོན་གྱི་བདག་པོའི་ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་རིགས་རྒྱུད་ཐམས་ཅད་འཕེལ་ཞིང་རྒྱས་པར་གྱུར་ཅིག་ཅེས་དང་། གཤིན་པོའི་ཆེད་དུ་ཚེ་ལས་འདས་པའམ་འདས་མ་འདི་ཡི་བར་དོའི་འཁྲུལ་རྐྱེན་དང་ཐར་པའི་ལམ་གེགས་ངན་པ་ཐམས་ཅད་ཞི་བར་གྱུར་ཅིག་ཅེས་དང་། བླ་མ་དང་དགེ་བཤེས་འདས་གྲོངས་སོང་བའི་ཆེད་དུ་ཡིན་ན་སྐུ་ཞི་བར་གཤེགས་པ་འདི་ཡི་ཡང་སྲིད་ཕྱི་མར་ཆེ་བའི་ཡོན་ཏན་དང་། མཛད་པའི་འཕྲིན་ལས་དང་། བསྟན་པ་དང་། གདུལ་བྱའི་ཞིང་ཁམས་ཐམས་ཅད་འཕེལ་ཞིང་རྒྱས་པར་གྱུར་ཅིག་ཅེས་སྨོན་ལམ་གང་འདོད་ཀྱིས་མཐར་བརྒྱན་པར་ཆོག་གོ །ལྷག་པར་གཤིན་པོའི་ཕུང་པོ་སྲེག་སྦྱོང་གི་ཆེད་དུ་སྦྱིན་སྲེག་གི་མཆོད་པ་ཕུལ་བས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་དང་བརྗོད་ཀྱིས་མི་ལང་བ་འབྱུང་བ་ནི། གདུང་སྦྱོང་བསྲེག་ཆོག་ལས། ཕུང་པོ་སྦྱངས་པའི་ཡོན་ཏན་ནི། ལྷག་མ་མེད་པར་མངོན་པར་རྫོགས་ཏེ་སངས་རྒྱས་པའོ། །ཞེས་དང་། མེ་འོད་ནམ་མཁར་སོང་བ་ལ། ནམ་མཁར་གང་བའི་གཤེན་རབ་བྱུང་། ཞེས་དང་། དུད་པ་བར་སྣང་ཁྱབ་པ་ཡིས། བར་སྣང་གང་བའི་གཤེན་རབ་བྱུང་། ཞེས་དང་། འདབ་མ་ས་ལ་ལྷག་པ་ལ། ས་གཞི་གང་བའི་གཤེན་རབ་བྱུང་། ཞེས་དང་། མདོ་རྩ་ལས། བར་ཆོད་སྒྲིབ་སེལ་ཞི་བའི་སྦྱིན་སྲེག་མཆོག བསོད་ནམས་ཚོགས་རྫོགས་རྒྱས་པའི་སྦྱིན་བསྲེག་འབུལ། གཞན་སྣང་དབང་སྡུད་དབང་གི་སྦྱིན་སྲེག་དང་། དགྲ་བགེགས་ལོག་འདྲེན་འདུལ་བ་དྲག་པོའི་སྦྱིན་སྲེག་གོ །ཐམས་ཅད་ཕུན་ཚོགས་ལས་བཞི་རྒྱུན་གྱི་ལས། ཞེས་དང་། ཀུན་རིག་ལས། ཞི་བའི་སྦྱིན་སྲེག་བྱས་པས་སྒྲིབ་གཉིས་མ་ལུས་བྱང་། རྒྱས་པས་ཚེ་ནོར་བསོད་ནམས་འཕེལ། དབང་གིས་སྐྱེ་འགྲོ་དབང་དུ་བསྡུ། དྲག་པོས་ནད་གདོན་བར་ཆད་ཞི་ཞེས་དང་། མདོ་ཕྲན་ལས། མེ་ཡི་སྦྱིན་པས་རིགས་དྲུག་སྡུག་བསྔལ་བསྒྲལ། ཞེས་དང་། རྒྱུད་གསང་བ་བསེན་ཐུབ་ལས། དམིགས་མེད་མེ་ཡི་མཆོད་སྦྱིན་རྒྱ་ཆེ་འདིས། ཁམས་གསུམ་རྒྱུད་དྲུག་བདེ་ཆེན་ས་ལ་འཁོད། ཅེས་དང་། ཞི་ཁྲོ་རྩ་འགྲེལ་ལས། ཞི་རྒྱས་དབང་དྲག་སྦྱིན་སྲེག་གྲུབ་གྱུར་ན། ཡེ་ཤེས་ལྔ་ཡི་དོན་རྣམས་རྟོགས་པར་འགྱུར། ཞེས་དང་། རྣམ་རྒྱལ་ལས། པུར་པ་མེ་ལ་བསྒྲུབ་པའི་སྦྱིན་སྲེག་བྱས་ན། དུད་པས་ཁྱབ་ཚད་གཡུང་དྲུང་སེམས་དཔར་འགྱུར། ཞེས་དང་། གསང་སྔགས་མེ་རི་ལས། གཤེན་གྱི་མེ་མཆོད་སྦྱིན་སྲེག་འདི་ཕུལ་བས། བསོད་ནམས་དཔག་ཏུ་མེད་པ་འདི་ཆེའོ། །ཞེས་དང་། མ་རྒྱུད་ཐུགས་རྗེ་ཉི་མ་ལས། མེ་མཆོད་ལས་ལ་བརྩོན་ན་མཆོག་ཐུན་དངོས་གྲུབ་ཐོབ། ཅེས་དང་། ཁོང་འགྲེལ་ལས་བྱང་ལས། འདི་ལ་བརྩོན་ན་ཚེ་དང་བསོད་ནམས་རབ་ཏུ་འཕེལ་ཏེ་མནོས་དགུ་ནི་འགྲུབ། བསམ་དགུ་ནི་འཕེལ་བར་འགྱུར་རོ། །སྒྲིབ་སྦྱངས་ཚོགས་རྫོགས་ཀུན་ཀྱང་ཚིམ་པ་དང་། འཕྲལ་གྱི་རྐྱེན་བཟློག་སྡེ་བརྒྱད་དགའ་བདེའི་ཕྱིར། ཞི་རྒྱས་དབང་དྲག་རྒྱུན་གྱི་ལས་ལ་འཇུག་ཅེས་དང་། རྩ་བའི་སྦྱིན་སྲེག་ལས། མཆོད་སྦྱིན་འདི་སྦྱོར་བའི་བདག་པོ་ལ་ནི། འཇིག་རྟེན་གྱི་མངའ་བོ་ཆེ་རྣམས་ཀྱི་ཚེ་མེད་པ་ལ་ཚེ་བསྲིང་པ་དང་། བསོད་ནམས་མེད་པ་ལ་བསོད་ནམས་སྤེལ་བ་དང་། དབང་ཐང་ཞན་པ་ལ་དབང་ཐང་སྦྱིན་པར་མཛད་དོ། །ཕྱི་མ་ལའང་འདོད་པའི་ཡོན་ཏན་ལྔ་དང་ལྡན་ནོ། །ཞེས་གསུངས་པས། རྒྱུ་མཚན་དེ་ཡི་ཕྱིར་ན། སྦྱིན་སྲེག་གི་མཆོད་པ་ལ་བརྩོན་པས་གནས་སྐབས་སུ་བར་ཆོད་སེལ་ཞིང་གདོན་རིགས་ཞི་བ་དང་། ནད་ཉུང་ཞིང་ཚེ་རིང་བ། བསོད་ནམས་དང་ལོངས་སྤྱོད་འཕེལ་བ། ཁ་རྗེ་དང་དབང་ཐང་རྒྱས་པ་དང་། མཐར་ཐུག་ཡེ་ཤེས་ལྔ་ཡི་དོན་རྟོགས་ཏེ་ཁམས་གསུམ་འཁོར་བའི་སྡུག་བསྔལ་ལས་གྲོལ་ཞིང་མངོན་པར་རྫོགས་པའི་སངས་རྒྱས་མྱུར་དུ་ཐོབ་པའི་ཕན་ཡོན་ནམ་དགོས་པ་ཡོད་པས་ཤི་གསོན་གང་གི་ཆེད་དུ་ཉམས་ལེན་འདི་ལ་བརྩོན་པ་ཡིན་ན་འབྲས་བུ་དེ་ལྟར་འབྱུང་ངེས་པ་ནི་བདེ་བར་གཤེགས་པའི་ལུང་ལས་གསུངས་པ་ཡིན་པས་ཡིད་རྟོན་བྱ་བར་རིགས་སོ།། །།

/div>